༉ རྒྱལ་ཁབ་ནང་ ངན་ལྷད་སྔོན་འགོག་དང་ སྒྲིང་སྒྲི་བཟོ་ཐབས་ལུ་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ གྲོས་འདེབས་༡༩ དེ་ཅིག་ ཆ་འཇོག་འབད་མིའི་གྲས་ལས་༡ གཞུང་གིས་ རྒྱུ་དངོས་ཚུ་ འཕྲལ་མགྱོགས་ར་ སོར་ཆུད་འབད་དགོཔ་དེ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ གཞུང་སྐྱོང་ལེགས་ལྡན་ཚོགས་སྐྱོང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༧ ཅན་མ་ ཚོགས་དམངས་ལུ་ སྙན་ཞུ་ཕུལཝ་དང་འབྲེལ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལོ་བསྟར་སྙན་ཞུ་ནང་ ཁ་གསལ་སྦེ་ སོར་ཆུད་དང་འབྲེལ་བའི་ འབད་བརྩོན་དང་ གྲུབ་འབྲས་ཚུ་ བཙུགས་དགོ་པའི་ གྲོས་འདེབས་ཕུལ་ཡི།
ཚོགས་ཆུང་གི་ ཁྲི་འཛིན་འོགམ་ དབང་འདུས་ཕོ་བྲང་ཉི་ཤོག་- སྲས་ཕུག་གི་འཐུས་མི་ ཀུན་དགའ་གིས་ དངུལ་འབྲེལ་གྱི་ སོར་ཆུད་འབད་མི་ བརྒྱ་ཆ་༢༡.༨ རྐྱངམ་གཅིག་མ་གཏོགས་ སོར་ཆུད་འབད་མ་ཚུགས་པས་ཟེར་ ཞུ་བའི་ཁར་ མཐོ་གཏུགས་ཀྱི་ རིམ་པ་ནང་ཡོད་མི་ མ་བརྩིས་བར་ ལོ་མཇུག་ཁམས་ལུ་ བསྣར་བཞག་ཡོད་པའི་ སོར་ཆུད་བསྡོམས་ དངུལ་ཀྲམ་ས་ཡ་༡༡༡.༧༠༣ འདུག་ཟེར་ཞུ་ཡི།
དེ་མ་ཚད་ ཐོ་བཀོད་འབད་དེ་ཡོད་པའི་ རྩོད་རྙོགས་ནང་ སོར་ཆུད་མ་འབད་བར་ཡོད་མི་ལས་ མཐོ་ཤོས་ར་ བསམ་རྩེ་ས་གཏེར་རྩོད་རྙོགས་ཀྱི་ དངུལ་ཀྲམ་ས་ཡ་༩༡.༠༠༧ ལྷགཔ་ཅིག་ཨིན་མི་དེ་ཡང་ ལོ་༦ དེ་ཅིག་ ལང་སོ་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་བགྲེསཔ་ སངས་རྒྱས་རྒྱལ་མཚན་དང་ བསམ་རྩེ་ས་གཏེར་མཉམ་འབྲེལ་པ་ ནག་རྒྱས་༢ ཆོག་ཐམ་གཡོ་སྒྱུ་དང་ ས་གཏེར་ལག་ལེན་གྱི་ གནོད་འགེལ་ཚུ་ནང་ ལོ་༧ གྱི་ བཙོན་ཁྲིམས་ཕོག་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ས་ཆ་ཨེ་ཀར་༨༡.༦༥ གཞུང་ས་སྦེ་ སོར་ཆུད་འབད་ཡོད་རུང་ དངུལ་འབྲེལ་སོར་ཆུད་ཀྱི་ཐད་ཁར་ སྤྱི་ལོ་༢༠༡༧ ཟླ་༡༢ པ་ཚུན་ སྙན་ཞུའི་ལོ་དེ་ནང་ དངུལ་ཀྲམ་ས་ཡ་༤༡.༥༣ མ་གཏོགས་ སོར་ཆུད་འབད་མ་ཚུགས་པར་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༦-༡༧ གྱི་བར་ན་ ཁྲིམས་འདུན་སོ་སོ་ལས་ དངུལ་ཀྲམ་ས་ཡ་༡༩༠.༥ དང་ རྒྱལ་ཁམས་ཀྱི་ ས་ཆ་ཨེ་ཀར་༨༡.༩༢ སོར་ཆུད་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
མི་དམངས་ཀྱི་རྒྱུ་དངོས་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༧༩ ལྷགཔ་ཅིག་ སོར་ཆུད་མ་འབད་བར་ཡོད་པའི་ སྙན་ཞུ་དེ་ ཚ་གྱང་སྦོམ་ལང་དགོ་པའི་ གནད་དོན་ཅིག་ཨིནམ་ལས་ སོར་ཆུད་འབད་དགོཔ་ གལ་ཆེ་བའི་སྐོར་ལས་ ཚོགས་ཆུང་གི་ ཧེ་མའི་སྙན་ཞུ་ཚུ་ནང་ཡང་ འཁོད་ཡོདཔ་མ་ཚད་ ཚོགས་འདུ་གིས་ཡང་ དེ་བསྟུན་གྱི་ གྲོས་ཆོད་བཏོན་ནུག་ཟེར་ འཐུས་མི་ཀུན་དགའ་གིས་ གསལ་ཞུ་འབད་ཡི།
ཁོ་གིས་འབད་བ་ཅིན་ སོར་ཆུད་མ་འབད་བའི་ གནད་དོན་དེ་ཚུ་གིས་ ངན་ལྷད་ཀྱི་ གདོང་ལེན་འབད་ནི་ལུ་ མི་དམངས་ལས་ བློ་གཏད་བསྐྱེད་ནི་ལུ་ ཐོ་ཕོག་ནི་ཨིནམ་ལས་ སྤྱི་ལོ་༡༩༨༥ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སོར་ཆུད་མ་འབད་བ་ཅིན་ ལཱ་ངན་འབད་མི་དེ་གིས་ ཉེས་ཁྲིམས་ཚང་བའི་ཤུལ་ལས་ ངན་ལྷད་ཐོག་ བསྒྲུབས་ཡོད་པའི་ རྒྱུ་ནོར་ལུ་ ལོངས་སྤྱོད་དེ་ སྡོད་འོང་ཟེར་ གསུངས་གནང་མི་དེ་ ང་བཅས་ག་ར་གིས་ སེམས་ཁར་དྲན་དགོཔ་དང་ ཤེས་དགོཔ་གལ་ཆེ་ཟེར་ ཞུ་ཡི།
དེ་འབདཝ་ལས་ ཚོགས་ཆུང་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་འཁོད་ རྒྱུ་དངོས་དང་ འཁྲུན་ཆོད་བསྟར་སྤྱོད་སྡེ་ཚན་ཅིག་ གཞི་བཙུགས་འབད་ཡོད་མི་དེ་གིས་ དགོས་མཁོ་ཆེ་བའི་ ཐབས་ལམ་ཚུ་བཏོན་ཏེ་ སོར་ཆུད་འབད་ཚུགས་པའི་ རེ་བ་ཡོད་ཟེར་ འཐུས་མི་ཀུན་དགའ་གིས་ཞུ་ཡི།
ཚོགས་ཆུང་གི་ གྲོས་འདེབས་ཕུལ་མི་དང་འཁྲིལཝ་ད་ སོར་ཆུད་འབད་དགོཔ་དེ་ གཞུང་གི་ཁ་ཐུག་ལས་ ངེས་པར་དུ་ ངོས་ལེན་གནང་དགོཔ་དང་ དེ་བཟུམ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཧོངས་ལས་ཡང་ ཐབས་ཤེས་གནས་སྐབས་བཏོན་དགོཔ་མ་ཚད་ ཁྲིམས་ཀྱི་བཀའ་རྒྱ་ ཞུ་དགོ་རུང་ཞུ་སྟེ་ སོར་ཆུད་ཀྱི་ གྲུབ་འབྲས་བཏོན་ཞིནམ་ལས་ ལོ་བསྟར་སྙན་ཞུ་ནང་ ཁ་གསལ་སྦེ་ ཚུད་དགོཔ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དུས་དང་དུས་སུ་ ཉོགས་བཤད་བརྟག་ཞིབ་འབད་ནིའི་ དུས་ཡུན་གྱི་ཚད་གཞི་ བསྐྱར་ཞིབ་འབད་དེ་ ལོ་བསྟར་སྙན་ཞུ་ནང་ བཙུགས་དགོཔ་སྦེ་ ཚོགས་ཆུང་གིས་ གྲོས་འདེབས་ཕུལ་ཡི།
དེ་མ་ཚད་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ཚུ་ སྤྱི་ཚོགས་སྙན་ཞུ་ནང་ གྲོས་བསྡུར་འབད་དགོ་པའི་ གྲོས་འདེབས་ཕུལ་ཡོདཔ་བཞིན་དུ་ ཆ་འཇོག་འབད་གྲུབ་ཅི།
ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་དང་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ཞུ་མིའི་ནང་ ལྷན་ཚོགས་ཀྱི་ བཅའ་ཁྲིམས་དེ་ཡང་ དྭངས་གསལ་གྱི་དོན་ལུ་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་འབད་བ་ཅིན་ བཅའ་ཁྲིམས་དང་ ལམ་ལུགས་དེ་ར་ བསྐྱར་ཞིབ་འབད་བ་ཅིན་ ཉེས་འཛུགས་ཕོག་མི་ཚུ་ལུ་ བདེ་ཏོག་ཏོ་འབྱུང་ནི་ཨིནམ་མ་ཚད་ སྲིད་ཀྱི་དབང་དུ་ཐལ་ནི་དང་ དབང་ཚད་ལོག་སྤྱོད་འབད་ནི་ཚུ་ བཀག་ཐབས་འབད་ཚུགས་ཟེར་ཨིན་པས།
འཐུས་མི་ཀུན་དགའ་གིས་ ཞུ་མིའི་ནང་ ཚོགས་ཆུང་གིས་བཏོན་ཡོད་པའི་ ཐབས་ལམ་ཚུ་ག་ར་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མ་ཚུགས་རུང་ ངན་ལྷད་བཀག་དགོ་པའི་ གནད་དོན་གལ་ཅན་ཚུ་ རྒྱལ་ཡོངས་ཚོགས་འདུ་དང་ མི་མང་ལུ་ གོ་བརྡ་སྤེལ་ཚུགས་མི་ལུ་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
ད་རུང་ ད་རེས་གཞུང་ལུ་ ལེགས་བཅོས་འབད་ནི་གི་ དུས་ཚོད་ཕྱིས་སོ་རུང་ ཤུལ་མའི་གཞུང་གིས་ ང་བཅས་རའི་ བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ མི་དབང་མངའ་བདག་རིམ་བྱོན་ཚུ་གི་ ཐུགས་ཀྱི་དགོངས་དོན་འགྲུབ་ཐབས་ལུ་ ངན་ལྷད་བཀག་ནི་གི་ ཕྱག་ལཱ་ལུ་ བརྩོན་ཤུགས་བསྐྱེད་འོང་མནོ་བའི་ རེ་བ་བསྐྱེད་དོ་ཟེར་ ཚོགས་ཆུང་གི་ ཁྲི་འཛིན་འོགམ་གིས་ ཞུ་ཡི།
འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ ལྷན་ཚོགས་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ནང་ ངན་ལྷད་ངོ་མ་ར་ དབྱེ་བ་༧ ནང་ འདུག་ཟེར་ ཞུ་མི་དེ་ཡང་ ལཱ་འགན་ལོག་སྤྱོད་དང་ ཕྱོགས་རིས་དགའ་མཐུན་ མ་དངུལ་ལྐོག་ཟ་ ནང་གསུག་ ཁྱད་དབང་བརྡ་དོན་ལོག་སྤྱོད་ ཁེ་ཕན་ལྟག་སྤྲོད་ཚུ་ནང་ ཡོད་མི་ལུ་བརྟེན་ བསལ་དགོཔ་དེ་ གལ་གནད་ཅན་ཅིག་ཨིན་མས་ཟེར་ ཞུ་ཡི།
ངན་ལྷད་མང་ཤོས་ར་ གཞུང་སྐྱོང་གི་ དབུ་ཁྲིད་ཚུ་ལས་ བྱུད་དོ་ཡོདཔ་ལས་ ལྷན་ཚོགས་ཀྱིས་ ལཱ་ཚུ་འབད་བཞིན་དུ་ཡོད་རུང་ ངན་ལྷད་བཀག་ཐབས་ལུ་ གཙོ་བོ་ར་ གཞུང་སྐྱོང་གི་དབུ་ཁྲིད་ བློན་ཆེན་ལས་ འགོ་བཟུང་སྟེ་ བློན་པོ་དང་ སྤྱི་ཚོགས་ཀྱི་འཐུས་མི་ གཞུང་གི་དྲུང་ཆེན་ བཀོད་ཁྱབ་འགོ་དཔོན་ཚུ་ལུ་ ཀུན་སྤྱོད་རྣམ་གཞག་དང་ དྲང་སྤྱོད་ཚུ་ བཏོན་དགོཔ་མ་ཚད་ མིག་དཔེ་བཟང་པོ་སྟོན་དགོ་ཟེར་ པཱན་སྦང་གི་ འཐུས་མི་གིས་ ཞུ་ཡི།
ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ རྒྱལ་ཁབ་ནང་ ངན་ལྷད་བཀག་དགོ་པ་ཅིན་ ཐབས་ལམ་ལེ་ཤ་གི་ཐོག་ལས་ འབད་དགོཔ་ལས་ ལྷན་ཚོགས་ཀྱིས་འབད་བཞིན་དུ་འདུག་ཟེར་ཞུ་ཡི།
ཞབས་ཏོག་བློན་པོ་གིས་འབད་བ་ཅིན་ ངན་ལྷད་བཀག་ནི་དེ་ ལྷན་ཚོགས་ཀྱི་ ལཱ་འགན་རྐྱངམ་གཅིག་མེན་པར་ ང་བཅས་ག་ར་གི་ འགན་ཁུར་ཨིནམ་མ་ཚད་ ངན་ལྷད་ཀྱི་ གོ་དོན་ཡང་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉོགས་བཤད་༣༠༥ ཐོབ་ཡོད་མི་ལས་༡༠༠ ཐིམ་ཕུག་ལས་ ལྷོད་ཡོདཔ་ད་ དེ་གི་འོག་ལས་ ཆུ་ཁ་རྫོང་ཁག་ནང་ ཉོགས་བཤད་༢༨ ལྷོད་ཡོད་མི་དེ་ སྤྱི་ལོ་༢༠༡༦ དང་༢༠༡༥ ལས་ འགྱུར་ལྡོད་མེད་པར་ གནས་ཏེ་ཡོདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།