༉ དར་དཀར་ནང་ འཁྱིལ་པའི་ས་ལས་ དར་དཀར་རྫོང་གི་ འཁོར་ལམ་སེལ་ནིའི་དོན་ལུ་ ད་རེས་ ས་བཅད་ཀྱི་ལཱ་ཚུ་ འབད་ཚར་བའི་ཁར་ གཏན་འཇགས་ཀྱི་ ལཱ་ཚུ་འབད་བའི་བསྒང་ཡོདཔ་བཞིན་དུ་ ལཱ་དེ་ འཆར་གཞི་༡༢ པའི་ནང་ འཕྲོ་མཐུད་དེ་ར་ འབད་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ འབྲུག་རྗེས་སྒང་-རྩེ་བཟང་གི་འཐུས་མི་ ཀརྨ་རྡོ་རྗེ་གིས་ འཁོར་ལམ་དེ་གི་ གནས་སྟངས་སྐོར་ལས་ དྲི་བ་ཞུ་བའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ལན་ཞུ་ཡི།
འཐུས་མི་ཀརྨ་རྡོ་རྗེ་གིས་འབད་བ་ཅིན་ འཁྱིལ་པའི་ས་ལས་ དར་དཀར་རྫོང་ཚུན་གྱི་ འཁོར་ལམ་དེ་ ལག་ལེན་འཐབ་པ་ཅིན་ ཀི་ལོ་མི་ཊར་༢༠ དེ་ཅིག་ ལམ་ཐུང་ཀུ་འགྱོ་ནི་དང་ རང་བཞིན་གནས་སྟངས་ལུ་ཡང་ ཕན་ཐོགས་ཚུགས་ནི་མས་ཟེར་ཨིནམ་ད་ ཁོ་ར་ འཁྱིལ་པའི་ས་ལས་ཨིན་རུང་ འཁྱིལ་པའི་ས་ལམ་དེ་ འདས་པའི་གཞུང་གིས སེལ་ཡོདཔ་མ་གཏོགས་ ད་ལྟོ་ དེ་ལས་ལྷག་སྟེ་ ལམ་ཐེབས་སེལ་སེལཝ་ ག་ནི་ཡང་ མེད་པའི་ཁར་ ལམ་རྩི་ནག་བཏང་ཡོད་པའི་ ཤུལ་ཡང་མ་མཐོང་ཟེར་ ཞུ་ཡི།
གཞུང་གིས་ འཁོར་ལམ་དེ་ལུ་ ཟད་འགྲོ་ལེ་ཤ་བཏང་ཡོད་རུང་ ལམ་གྱི་གནས་སྟངས་དེ་ ཧེ་མ་ལས་ སྐྱོ་དྲགས་ཐལ་ཡོདཔ་ལས་ འཐུས་ག་གིས་ ཤོར་སོཔ་ཨིན་ན་ཟེར་ འཐུས་མི་ཀརྨ་རྡོ་རྗེ་གིས་ ཞུ་ཡི།
ཞབས་ཏོག་བློན་པོ་གིས་ འཁྱིལ་པའི་ས་དེ་ དར་དཀར་ནང་རྫོང་ཁག་གི་ རྒེད་འོག་མཐའ་ཟུར་ཅིག་ཨིནམ་ལས་ རྒེད་འོག་དེ་ནང་ འགྱོ་དགོ་པ་ཅིན་ སཱུན་ཀོཤ་ལས་ ཡོངས་སི་སྦྱིས་ འབྲུག་རྗེས་སྒང་བརྒྱུད་དེ་ འགྱོ་དགོཔ་ཨིན་རུང་ གལ་སྲིད་ དར་དཀར་ནང་རྫོང་ནང་ འགྱོ་དགོ་པ་ཅིན་ ལོག་སྟེ་ཡོངས་སི་སྦིས་ལས དར་དཀར་དཔལ་ལ་བརྒྱུད་དེ་ འགྱོ་དགོཔ་ལས་ སྟབས་མ་བདེཝ་སྦོམ་ བྱུང་སྟེ་ཡོད་ཟེར་ ཞུ་ཡི།
དར་དཀར་ནང་རྫོང་ཁག་ནང་ རྒེད་འོག་ཆ་མཉམ་ར་ ཕར་ཚུར་ཁ་གཏོར་ཏེ་ཡོདཔ་ལས་ འཁོར་ལམ་ཕུད་རྡོག་༡ གིས་ མི་བཏུབ་ཟེར་ བློན་པོ་རྡོ་རྗེ་ཆོས་སྒྲོན་གྱིས་ ཞུ་བའི་ཁར་ གོང་འཕེལ་དང་འཁྲིལ་ འཁོར་ལམ་དེ་ ག་ཏེ་ལས་ ཐག་ཉེ་དོ་ཡོདཔ་ཨིན་ན་དང་ མི་སེར་ཚུ་གི་དོན་ལས་ ག་ཏེ་ལས་ ལམ་སེལ་བ་ཅིན་ སྟབས་བདེ་ནི་ཨིན་ན་ཚུ་ བལྟ་ནི་དེ་ ཁག་ཆེ་ཟེར་ཞུ་ཡི།
གནད་དོན་དེ་ལུ་བརྟེན་ དར་དཀར་ནང་རྫོང་ལས་ འཁྱིལ་པའི་སའི་བར་ན་ འཁོར་ལམ་ཅིག་ མཐུད་སྦྲེལ་འབད་དགོ་པས་ཟེར་ སྤྱི་ལོ་༢༠༡༥ ལས་ ལམ་སེལ་ནི་ འགོ་བཙུགས་ཅི་ཟེར་ མོ་གིས་ ཞུ་ཡི།
འཁྱིལ་པའི་ས་ལས་ དར་དཀར་རྫོང་ཚུན་ ཀི་ལོ་མི་ཊར་༢༦ འབད་མི་ འཁོར་ལམ་དེ་ སེལ་ཚར་ཡོད་རུང་ ལམ་གསརཔ་ཨིནམ་ལས་ ད་རེས་ ལམ་བདེ་སྒྲིག་བཟོ་ཐབས་ལུ་ གཏན་འཇགས་ཀྱི་ ལཱ་ཚུ་འབད་བའི་བསྒང་ཡོདཔ་བཞིན་དུ་ ལམ་དེ་གི་ཐད་ཁར་ གཞུང་གིས་ ལེགས་ཤོམ་སྦེ་ར་ དབྱེ་བ་དཔྱད་ཅི་ཟེར་ ཞུ་ཡི།
འཁོར་ལམ་དེ་ འཁྱིལ་པའི་ས་ལས་རྫོང་ཚུན་ མཐུད་སྦྲེལ་འབད་ཚུགས་པ་ཅིན་ ལམ་ཐུང་ཀུ་འགྱོ་ནི་ཨིནམ་ད་ ད་ལྟོ་ མི་སེར་ཚུ་ དར་དཀར་དཔལ་ལས་བསྐོར་ཏེ་ འགྲོ་འགྲུལ་འབདཝ་ད་ ཀི་ལོ་མི་ཊར་༧༤ དེ་ཅིག་ཡོདཔ་ཨིན་པས།
དེ་འབདཝ་ལས་ གཞུང་གིས་ དམིགས་བསལ་གྱི་ ལས་རིམ་ཅིག་ བཟོ་ཞིནམ་ལས་ མ་དངུལ་དེ་ཡང་ དངུལ་ཀྲམ་ས་ཡ་༤༥ ཟད་འགྲོ་བཏང་ཐོག་ལས་ འཁོར་ལམ་སེལ་ཡོདཔ་ཨིན་རུང་ ད་ལྟོ་ འབྲུག་རྗེས་སྒང་ལས་ འཁྱིལ་པའི་ས་ཚུན་ རྩི་ནག་བཏང་མ་ཚུགས་ཟེར་ ཞབས་ཏོག་བློན་པོ་གིས་ ཞུ་ཡི།
ད་རུང་ འཁྱིལ་པའི་ས་དེ་ རྒེད་འོག་རྩི་ནག་ བཏང་མ་ཚུགས་པའི་ གྲངས་སུ་བཙུགས་ཏེ་ཡོད་པའི་ཁར་ འཁོར་ལམ་དེ་ རྒེད་འོག་ལམ་མེན་པར་ གཞུང་ལམ་སྡེ་རིམ་༢ པའི་ནང་ ཚུད་ནི་གི་ འོས་འབབ་ཡོད་མི་ལུ་བརྟེན་ རྩི་ནག་མ་བཏང་པར་ བཞག་ཅི་ཟེར་ ཞུ་ཡི།
སྣུམ་འཁོར་ཚུ་ གནམ་སྐམ་པའི་དུས་ཚོད་ལུ་ འགྲོ་འགྲུལ་འབད་ཚུགས་རུང་ ཆར་པའི་ནང་ འབད་མི་ཚུགས་ཟེར་ ཞབས་ཏོག་བློན་པོ་གིས་ ཞུ་བའི་ཁར་ འཁོར་ལམ་ལེགས་ཤོམ་ བཟོ་ནིའི་དོན་ལས་ འཆར་གཞི་༡༢ པའི་ནང་ཡང་ བཙུགས་ཏེ་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།