༉ དར་དཀར་དཔལ་ལ་དང་ ལྷ་མོའི་རྫིང་ཁ་གཉིས་ཀྱི་བར་ན་ འཁོར་ལམ་ཀི་ལོ་མི་ཊར་༨.༧༥ འབད་མི་ མཐུད་སྦྲེལ་འབད་མི་གིས་ ཀརྨ་གླིང་དང་ ནི་ཅུ་ལ་རྒེད་འོག་གཉིས་ཀྱི་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
དར་དཀར་དཔལ་ལ་དང་ ལྷ་མོའི་རྫིང་ཁའི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་ནི་ ལཱ་འགོ་བཙུགས་ཡོད་རུང་ ས་གནས་དལ་བ་རི་ལས་ ལྷ་མོའི་རྫིང་ཁའི་འཁོར་ལམ་ མཐུད་སྦྲེལ་འབད་མ་ཚུགས་པར་ཡོད་མི་དེ་ མ་ནི་ཊར་གཞུང་ལམ་གྱི་མཐུད་མཚམས་ མཐུད་སྦྲེལ་འབདཝ་ད་རྐྱངམ་གཅིག་ མཐུད་ཚུགས་ནི་ཨིན་པས།
དེ་འབདཝ་ལས་ ལམ་ཀི་ལོ་མི་ཊར་༨.༧༥ དེ་ཅིག་ནང་ གོང་འཕེལ་གྱི་ལཱ་ལུ་ ཤུགས་བཏོན་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
འཁོར་ལམ་དེ་ ཀརྨ་གླིང་དང་ ནི་ཅུ་ལའི་ མི་སེར་ཚུ་གིས་ ལྷ་མོའི་རྫིང་ཁ་ཁྲོམ་ཁར་འོངམ་ད་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་མེན་གནམ་བྱཱར་ཨ་རྟག་ར་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱིས་ ཀི་ལོ་མི་ཊར་༣ དེ་ཅིག་ ལམ་རྒྱ་སྐྱེད་དང་ རྡོ་རུག་སྒྲིག་ནི་གི་ལཱ་ཚུ་ སྤྱི་ལོ་༢༠༡༨ ཟླ་༥ པ་ལས་ སྤྱི་ཟླ་༡༠ ཚུན་འབད་ཡོདཔ་ད་ འཁོར་ལམ་དེ་ རྩི་ནག་མ་བཏང་རུང་ ལམ་གྱི་གནས་སྟངས་ལུ་བལྟ་སྟེ་ མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན་པས།
འཇིགས་མེད་ཐང་གཡུས་ཚན་ནང་སྡོད་མི་ དམ་བི་རི་ཏ་མང་གི་ཁྱིམ་དེ་ འཁོར་ལམ་བདའ་སྟེ་ཡོདཔ་བཞིན་དུ་ མོ་གིས་ ན་ཧིང་ཚུན་ཚོད་ ས་གནས་དེ་ཁར་ གོང་འཕེལ་གྱི་ ལས་སྣ་ག་ནི་ཡང་མེདཔ་ལས་ འཁོར་ལམ་དེ་གིས་ མོ་ལུ་ ཕན་སྦོམ་སྦེ་ར་ ཐོགས་ཅི་ཟེར་ བཤད་པའི་ཁར་ ལམ་སེལ་གྱི་ལཱ་དེ་ སྐབས་ཅིག་ བཤོལ་བཞག་ཡོདཔ་ལས་ ལཱ་འཕྲོ་མཐུད་འབད་དགོཔ་འདུག་ཟེར་ཨིན་པས།
གྲོང་མི་པ་སང་ཤེར་པ་གིས་འབད་བ་ཅིན་ ལམ་རྒྱ་སྐྱེད་འབད་མི་གིས་ རྒྱུན་འགྲུལ་འཐབ་ནི་ལུ་ སྟབས་བདེ་ཏོག་ཏོ་ བྱུང་ཡོད་རུང་ཞིང་ཆུའི་གཡུར་བ་དེ་ མེདཔ་བཏང་ཡོདཔ་ལས་ དུས་ཅི་ འབྱ་ལཱ་འབད་མ་ཚུགས་ཟེར་ཨིནམ་ད་ འཁོར་ལམ་གྱི་དོན་ལས་ ས་འཇལ་བའི་སྐབས་ འགོ་དཔོན་ཚུ་གིས་ ས་ཚབ་སྤྲོད་ནི་ཟེར་ སླབ་མི་དེ་ཡང་ སྤྲོད་མ་བཏུབ་ཟེར་ བཤདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ སི་བི་མོང་གར་གྱིས་ སླབ་མིའི་ནང་ ལམ་དང་འབྲེལ་བའི་ ལས་སྣ་ཚུ་ འཆར་གཞི་༡༢ པ་ནང་ བཙུགས་ཏེ་ཡོད་ཟེར་ཨིནམ་ད་ དར་དཀར་དཔལ་ལ་དང་ ལྷ་མོའི་རྫིང་ཁ་གཞུང་ལམ་བཟུམ་སྦེ་ གཏན་འཇགས་ཀྱི་ ལཱ་འབད་ནི་དེ་ཡང་ གཞུང་གསརཔ་གི་་འཆར་དངུལ་ ཆ་འཇོག་གྲུབ་ད་རྐྱངམ་གཅིག་ ལཱ་འཕྲོ་མཐུད་འབད་ཚུགས་ནི་དང་ ཟམ་༨ དེ་ཅིག་ཡང་ རྐྱབ་དགོཔ་ཡོད་ཟེར་ཨིན་པས།
དཱལ་བ་རི་ལས་ ཨོ་དཱལ་ཐང་གི་བར་ན་ ཀི་ལོ་མི་ཊར་༢༩ འབད་མི་ ལམ་སེལ་གྱི་ ལཱ་འཕྲོ་མཐུད་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་ ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ སྤྱི་ཟླ་༦ ལས་༨ པ་ཚུན་ གནམ་བྱཱར་གྱི་དུས་ཚོད་ཨིནམ་ལས་ ལཱ་འབད་མ་ཆོགཔ་སྦེ་ཡོད་ཟེར་ཨིནམ་ད་ ཁག་འབགཔ་ཚུ་གིས་ ལཱ་འབད་རུང་ བཟོ་རིག་འགོ་དཔོན་གིས་ འཁོར་ལམ་སྤུས་ཚད་དང་ལྡནམ་སྦེ་ མི་འོང་པས་ཟེར་ སླབ་མི་ལུ་བརྟེན་ ལཱ་ཡོངས་རྫོགས་སྦེ་ འགོ་བཙུགས་མ་ཚུགས་ཟེར་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་གིས་ འཁོར་ལམ་རྩི་ནག་བཏང་མ་ཚར་བར་ ལུས་ཡོད་མི་དེ་ སྤྱི་ཟླ་༡༠ པ་དང་༡༡ པའི་བར་ན་ གཏང་ཚར་འོང་ཟེར་ བཤད་པའི་ཁར་ གཞུང་ལམ་ཀི་ལོ་མི་ཊར་༨༠.༥ འབད་མི་དེ་ཡང་ སྤྱི་ཟླ་༡༠ པ་ལས་ སང་ཕོད་སྤྱི་ཟླ་༡ པའི་ནང་ མཇུག་བསྡུ་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ གནས་བརྟན་རྡོ་རྗེ།