ཝེང་མཁར་སྨད་ལུ་ འཁོར་ལམ་བདའ་སྟེ་ ས་ཁ་ལས་ རྡོ་བཏོན་སའི་མཐོང་སྣང་།

འཁོར་ལམ་བདག་འཛིན་འཐབ་ནིའི་འགན་ཁུར་ ག་ལུ་ཕོགཔ་ཨིན་ན?

༉ འཕྲལ་ཁམས་ཅིག་ཁར་ ཁག་འབགཔ་ཅིག་གིས་ རྡོ་བཏོན་མི་ལུ་བརྟེན་ མོང་སྒར་སྒོར་བག་ཏང་ལས་ དཀོན་བར་གཡུས་ཚན་བརྒྱུད་དེ་ ཆ་གླིང་སྟོད་ལུ་བཏོན་མི་ འཁོར་ལམ་ཆད་ནི་ འགོ་བཙུགས་ཅི་ཟེར་  དཀོན་བར་དང་ སྟག་ཆུ་སྤྱི་འོག་དང་ ས་གནས་ཀྱི་ མི་སེར་ཚུ་གིས་ ཉོགས་བཤད་བཀོདཔ་ཨིན་པས།

ཁོང་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༠ དེ་ཅིག་ལས་ མོང་སྒར་དང་ ལྷུན་རྩེ་བར་ནའི་ ཟུར་ལམ་སྦེ་བཏོན་མི་ འཁོར་ལམ་དེ་ ལོ་ངོ་བཅུ་ཕྲག་ལྷག་སོང་རུང་ ཆད་ནི་མེད་ཟེར་ཨིནམ་ད་ ད་རེས་ ས་ཁོངས་དེ་ནང་ རྡོ་བཏོན་ནི་ འགོ་བཙུགས་ཞིནམ་ལས་ ལམ་ཧང་སྟོང་མར་ཆད་ཡོདཔ་ལས་ འགན་འཁྲི་བཀལ་དགོཔ་འདུག་ཟེར་ དཀོན་བར་གཡུས་ཚན་ལས་ དེད་གཡོགཔ་ཅིག་ཨིན་མི་ ཀུན་ལེགས་ཀྱིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ལམ་དེ་ཆད་པའི་ཤུལ་ལས་ རྒེད་འོག་དང་ འབྲེལ་ཡོད་ལས་སྡེ་ལུ་ སྙན་ཞུ་འབད་རུང་ བསལ་མ་བཏུབ་པར་ བདུན་ཕྲག་ལྷག་སོ་ཡི་ཟེར་ཨིནམ་ད་ མ་གཞི་ དཀོན་བར་གཡུས་ཚན་ལས་ སྣུམ་འཁོར་ཡོད་མི་ཚུ་དང་ གཡུས་མི་དག་པ་ཅིག་བསྡོམས་ཏེ་ མི་༡༥ དེ་ཅིག་གིས་ ཉིནམ་༡ ལཱ་འབད་དེ་ གནས་སྐབས་ཅིག་ ལམ་བསལ་ཐོག་ལས་ སྣུམ་འཁོར་ཐལཝ་སྦེ་ བཟོ་བའི་ཤུལ་ལས་རྐྱངམ་གཅིག་ འབྲེལ་ཡོད་ལས་སྡེ་ཚུ་གིས་ བསལ་ནུག་ཟེར་ བཤདཔ་ཨིན་པས། 

ས་གནས་ཁ་ལས་ དེད་གཡོགཔ་ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ ལམ་དེ་ གནས་སྐབས་ཅིག་གི་དོན་ལུ་ བསལ་ཡོད་རུང་ ག་དེ་སྦེ་ ཡུན་བརྟན་སྦེ་ གནས་འོང་ག་ ཚ་གྱང་ཡོད་ཟེར་ཨིནམ་ད་ ཁོ་གིས་ ལམ་ཆད་ནི་འབདཝ་ད་ར་ རྒེད་འོག་ལུ་ པར་དང་བཅསཔ་སྦེ་ སྙན་ཞུ་ཚར་ལེ་ཤ་འབད་རུང་ ག་གིས་ཡང་ ངོས་ལེན་འབད་མ་བཏུབ་ཟེར་ བཤདཔ་ཨིན་པས།

ས་གནས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ རྡོ་བཏོན་སའི་ས་ཁོངས་ནང་ མ་འོངས་པར་ ལམ་ཆད་ནིའི་ ཉེན་ཁ་ཡོད་པའི་ཁར་ ད་ལྟོ་ ཆད་ཡོད་མི་ ས་ཁོངས་དེ་ ཉེན་ཁ་སྦོམ་སྦེ་ མཐོང་ནི་དེ་གིས་ ལམ་འོག་ལུ་ གྱང་རྩིག་ཅིག་ཡང་མ་རྐྱབ་པར་ ལམ་དེ་ དེ་སྦེ་ར་ ཉམས་བཅོས་འབད་དེ་ བཞག་ནུག་ཟེར་ཨིན་པས།

རྫོང་ཁག་མཐའ་འཁོར་གནས་སྟངས་འགོ་དཔོན་ ཚེ་རིང་སྒྲོལ་དཀར་གྱིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་ལས་བྱིན་མི་ ཉོགས་མེད་ཡི་གུ་དང་འཁྲིལ་ཏེ་ མཐའ་འཁོར་གནས་སྟངས་ཀྱི་ ཉོགས་མེད་ཡི་གུ་བྱིན་ཡོད་རུང་ ལྟ་རྟོག་གི་ཐད་ལུ་ ནགས་ཚལ་གྱི་ འགན་ཁུར་ཨིན་ཟེར་ཨིན་པས།

མངའ་སྡེའི་ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནགས་ཚལ་ཡིག་ཚང་གིས་ རྒེད་འོག་བདག་སྐྱོང་གི་ ཉོགས་མེད་ཡི་གུ་ལུ་ གཞི་བཞག་སྟེ་ རྡོ་བཏོན་ནི་མེན་པར་ ཧེ་མ་ འཁོར་ལམ་སེལ་བའི་སྐབས་བུད་མི་ རྡོ་ཚུ་འཐུ་ནིའི་ གནང་བ་བྱིན་ཡི་ཟེར་ཨིན་པས།

མོང་སྒར་མངའ་སྡེ་ཡིག་ཚང་གི་ ནགས་ཚལ་གཙོ་འཛིན་ ཀརྨ་བསྟན་པ་གིས་ སླབ་མིའི་ནང་ ལམ་ཆད་མི་དེ་ མངའ་སྡེ་ཡིག་ཚང་གིས་ ཁྲོམ་སྡེ་གོང་འཕེལ་དང་འབྲེལ་བའི་ལཱ་ ཁག་འབགཔ་ལུ་ སྤྲོད་པའི་གནང་བ་དང་ རང་བཞིན་གནས་སྟངས་ཀྱི་ ཉོགས་མེད་ཡི་གུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་གོང་འཕེལ་ཡིག་ཚང་གིས་ རྡོ་བཀྲམ་སྤེལ་འབད་ཚུགས་པའི་ ལྕོགས་གྲུབ་མེད་པའི་ཡི་གུ་ དེ་ལས་ རྒེད་འོག་ལས་ ཉོགས་མེད་ཡི་གུ་ལུ་ གཞི་བཞག་སྟེ་ ས་ཁ་ལས་བསྡུ་ནིའི་ གནང་བ་སྤྲོད་ཅི་ཟེར་ཨིན་པས།

དེ་དང་འཁྲིལ་ཏེ་ རྡོ་བཏོན་ནིའི་ ལཱ་འབད་བའི་ ནམ་དུས་ལུ་ཡང་ ལྟ་རྟོག་མཐིལ་ཕྱིན་འབད་དེ་ ལམ་ལུགས་དང་འཁྲིལ་ཏེ་ རྡོ་ཚུ་འཐུ་བཅུག་ཅི་ཟེར་ ནགས་ཚལ་གཙོ་འཛིན་གྱིས་ བཤདཔ་ཨིན་པས།

ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལམ་དེ་ ཝེང་མཁར་མཇུག་ལུ་ ཆུ་རུད་ཐོན་མི་ལུ་བརྟེན་ འཁོར་ལམ་གུ་ལས་ ཆུ་གཡུར་བདའ་སྟེ་ འོང་མི་དེ་གིས་ ཆད་ནུག་ཟེར་ཨིན་པས།

དཀོན་བར་ སྟག་ཆུ་ཚོགས་པ་ བཀྲ་ཤིས་དབང་མོ་གིས་ སླབ་མིའི་ནང་ རྡོབཏོན་ས་ཁོངས་ངོས་འཛིན་འབད་བའི་སྐབས་ ས་གནས་ཀྱི་ མི་སེར་ག་དང་གཅིག་ཁར་ཡང་ གྲོས་བསྟུན་མ་འབད་ཟེར་ཨིནམ་ད་ མོ་གིས་ ཤེས་རྟོགས་བྱུང་པའི་བསྒང་ལས་ རྡོ་བཏོན་འབག་ནི་ འགོ་བཙུགས་ནུག་ཟེར་ བཤདཔ་ཨིན་པས།

མོ་གིས་ བཤད་མིའི་ནང་ ལམ་ཆད་མི་ས་ཁོངས་ནང་ གྱང་རྩིག་རྐྱབ་དགོ་པའི་སྐོར་ལས་ རྒེད་འོག་དང་ ཁག་འབགཔ་ལུ་ ཚར་༣ དང་༤ དེ་ཅིག་ དྲན་གསོ་འབད་ཡོདཔ་མ་ཚད་ གླིང་འཛིན་ཡིག་ཚང་ལུ་ཡང་ སྙན་ཞུ་འབད་བའི་སྐབས་ ནགས་ཚལ་འགོ་དཔོན་ཚུ་གིས་ ཁག་འབགཔ་དང་གཅིག་ཁར་ ལམ་དེ་ ལེགས་བཅོས་འབད་ནིའི་སྐོར་ལས་ གན་ཡིག་བཟོ་སྟེ་ཡོད་ཟེར་ སླབ་ཡོད་རུང་ ད་ཚུན་ ངོས་ལེན་འབད་མ་བཏུབ་པར་ཡོདཔ་ལས་ འཕྲལ་མགྱོགས་ར་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

ལམ་དེ་གིས་ སྟག་ཆུ་དང་དཀོན་བར་གཡུས་ཚན་༢ ནང་རྐྱངམ་གཅིག་མེན་པར་ ཝེང་མཁར་དང་ ཐེམ་ནང་སྦིས་གཡུས་ཚན་ལུ་ཡང་ ཕན་ཐོགས་དོ་ཡོདཔ་མ་ཚད་ ཧེ་མ་ མོང་སྒར་དང་ ལྷུན་རྩེ་བར་ནའི་ གཞུང་ལམ་སྦེ་ བཏོན་ཡོད་ནི་དེ་གིས་ གལ་ཅན་ཅིག་ཨིན་ཟེར་ཨིན་པས། 

ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ རྒེད་འོག་བདག་སྐྱོང་གིས་ ཉོགས་མེད་ཡི་གུ་མ་བྱིན་པའི་ཧེ་མ་ མི་མང་དང་ གྲོས་བསྟུན་འབད་དགོཔ་ཡོད་རུང་ མོང་སྒར་རྒེད་འོག་བདག་སྐྱོང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལམ་སྟོན་དང་འཁྲིལཝ་ད་ གྲོས་བསྟུན་འབད་དགོཔ་མིན་འདུག་ཟེར་ཨིནམ་ད་ ལམ་དེ་ རྡོ་བཏོན་མི་དེ་གིས་མེན་པར་ ཆུ་རུད་ལུ་བརྟེན་ འཕྱགས་བདའ་ནུག་ཟེར་ཨིན་པས།

ཨིན་རུང་ དཀོན་བར་དང་ སྟག་ཆུ་ ཝེང་མཁར་གྱི་ མི་ཚུ་གིས་འབད་བ་ཅིན་ ལམ་གྱི་འོག་ལས་ ལམ་བསལ་ཏེ་ རྡོ་མ་བཏོན་པ་ཅིན་ ད་ཚུན་ ས་རུད་ཆད་ཆདཔ་མེདཔ་ལས་ ད་ལས་ཕར་ ཉེན་ཁ་དེ་ རྡོ་འབག་མི་ ཁག་འབགཔ་ཨི་སུབ་བཟོ་སྐྲུན་ལས་སྡེ་གིས་ འབག་དགོ་པའི་ ཉོགས་བཤད་ བཀོདཔ་ཨིན་པའི་གནས་ཚུལ། 

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *