འཁོར་ལམ་ཉེན་སྲུང་ འབད་ཐབས་ལུ་ འཕྲུལ་ཆས་འོག་ལུ་ ཨེན་ཏ་ལག་ལེན་འཐབ་ཡོདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་གི་ སྤང་དང་ བེམ་སྦྱིས་གཡུས་ཚན་ལས་ ཕོ་སྐྱེས་༡༡ འབད་མི་ཅིག་གིས་ རྫོང་ཁག་གི་ འཕྲུལ་ཆས་ཨེཀསི་ཀེ་བེ་ཊར་འགྲོ་འགྲུལ་འབདཝ་ད་ རྒེད་འོག་ལྟེ་བའི་ལམ་ མེདཔ་མ་གཏང་ནིའི་དོན་ལུ་ འཕྲུལ་ཆས་ཀྱི་འོག་ལུ་ ཨེན་ཏ་ཚུ་ མ་ཆད་པར་ བཙུགས་དགོཔ་བྱུང་ནུག།
ཕོ་སྐྱེས་ཚུ་གིས་ དྲོ་པའི་ཆུ་ཚོད་༨ ལས་ བེམ་སྦྱིས་ལས་འགོ་བཙུགས་ འཁོར་ལམ་གུ་ འཕྲུལ་ཆས་ཀྱི་འཁོར་ལོ་ མི་ཕོག་ནིའི་དོན་ལུ་ ཨེན་ཏ་ཚུ་ གོ་རིམ་བཞུན་དུ་སྦེ་ བཙུགས་ཡོདཔ་ཨིན་པས།
གཡུས་ཁའི་ཚོགས་པ་ རྣམ་རྒྱལ་ལྷུན་གྲུབ་ཀྱིས་ བཤད་མིའི་ནང་ འཕྲུལ་ཆས་ཀྱི་ ལྕགས་ཀྱི་འཁོར་ལོ་གིས་ འཁོར་ལམ་གུ་ཕོགཔ་ད་ རྩི་ནག་བཏང་མིའི་འཁོར་ལམ་ མེདཔ་བཏངམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་ལྟེ་བའི་ལམ་ རྒྱ་ཆུང་བའི་ཁར་ ཟམ་ཡང་ ཆུང་ཀུ་ཡོདཔ་ལས་ འཕྲུལ་ཆས་འབག་མི་ སྣུམ་འཁོར་ནང་ འབག་བསྐྱལ་མི་བཏུབ་པས་ཟེར་ཨིན་པས།
འཕྲུལ་ཆས་དེ་ ཟླཝ་ཅིག་གི་ཧེ་མར་ གཡུས་ཚན་ནང་ ས་གྱེད་པ་བཅད་དེ་ ཨ་རིང་བཟོ་ནིའི་དོན་ལུ་ མི་ཚུ་གིས་ སོ་ནམ་འཕྲུལ་ཆས་ ལག་ལེན་འཐབ་བཏུབ་བཟོ་ནིའི་དོན་ལུ་ ལེན་ཡི་ཟེར་ཨིན་པས།
ང་བཅས་ཀྱིས་ དེ་བསྒང་ཡང་ ད་རེས་བཟུམ་སྦེ་ར་ ཨེན་ཏ་བཙུགས་ཡོདཔ་ལས་ འཁོར་ལམ་ལུ་ གནོད་པ་དེ་ཅིག་ མ་བྱུང་ཟེར་ཨིན་པས།
སོ་ནམ་ལས་བྱེདཔ་གིས་ འབད་བ་ཅིན་ སྐམ་ཞིང་ཡོད་མི་ཚུ་ ཐང་བཅད་ཞིནམ་ལས་ ས་ཆ་བཟའ་སྤྱོད་འབད་ནིའི་དོན་ལུ་ དང་འདོད་བསྐྱེད་བཅུག་ཐབས་ལུ་ ཨིན་ཟེར་ཨིན་པས།
གཡུས་མི་ཚུ་གིས་ དང་ཕུ་བཟུམ་སྦེ་ སྒོ་ནོར་སེམས་ཅན་ཚུ་ འཚོ་སྐྱོང་མི་འཐབ་དོ་ཡོདཔ་ལས་ ས་ཞིང་དེ་ བཟའ་སྤྱོད་འབད་བ་ཅིན་ ཕན་ཐོགས་ཆེ་ནི་མས་ཟེར་ཨིནམ་ད་ ཚོགས་པ་གིས་ སླབ་མིའི་ནང་ ཕོ་སྐྱེས་༡༡ དེ་ཡང་ འཕྲུལ་ཆས་ཀྱི་ ཁེ་ཕན་ཐོབ་མི་ཚུ་ཨིན་ཟེར་བཤད་ཅི།
འཕྲུལ་ཆས་དེ་གིས་ གཡུས་ཚན་༢ ནང་ ས་ཞིང་ཨེ་ཀར་༡༣ དེ་ཅིག་ ཨ་རིང་བཅད་ཅི་ཟེར་ཨིན་པས།
ད་རུང་ ས་ཆ་ཨེ་ཀར་༥ དེ་ཅིག་ ཨ་རིང་བཟོ་ནིའི་དོན་ལུ་ འཕྲུལ་ཆས་ཆུང་ཀུ་ཅིག་ ལག་ལེན་འཐབ་ཡོད་པའི་ཁར་ ཚོགས་པ་གིས་ སླབ་མིའི་ནང་ ས་ཆ་ཚུ་ འཕྲུལ་ཆས་ ཀོ་བེལ་ཀོ་ ལག་ལེན་འཐབ་མ་ཚུགས་པའི་ གྱེན་གཟར་དྲག་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སང་ཕོད་ལས་ གཡུས་ཚན་གཞན་གྱི་ ས་ཆ་ཚུ་ནང་ཡང་ འཕྲུལ་ཆས་དེ་ ལག་ལེན་འཐབ་ནི་ཟེར་ཨིན་པས།
སོ་ནམ་ལྷན་ཁག་གིས་ འཕྲུལ་ཆས་དེ་གི་ མར་ཁུའི་དོན་ལུ་ མ་དངུལ་གྱི་ གྲོགས་རམ་འབད་དོ་ཡོདཔ་ད་ གཡུས་མི་ཚུ་གིས་ འཕྲུལ་ཆས་ལག་ལེན་འཐབ་མི་ལུ་ བཞེས་སྒོ་བྱིན་དགོ་དོ་ཡོདཔ་ཨིན་པས།
ཕོ་སྐྱེས་ཚུ་གིས་ སླབ་མིའི་ནང་ ཨེན་ཏ་བཙུགས་ནི་དེ་ འུ་སྡུག་སི་སི་ཨིན་རུང་ ཁོང་ཆ་ཁྱབ་ཀྱིས་ ཕྱི་རུ་ཆུ་ཚོད་ཕྱེད་དང་༥གི་ནང་འཁོད་ལུ་ འཁོར་ལམ་ཀི་ལོ་མི་ཊར་༡༢ འགྲོ་འགྲུལ་འབད་ཡི་ཟེར་ཨིན་པས།
ཕོ་སྐྱེས་ཚུ་གིས་ ད་རུང་ གཞུང་ལམ་ཁར་ལྷོད་ནི་ལུ་ ཀི་ལོ་མི་ཊར་༥ དེ་ཅིག་ འགྱོ་དགོ་པའི་ཁར་ སྐྱེས་ལོ་༤༡ ལང་མི་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ཁོང་རྐང་སྟོང་སྦེ་ ལོག་གཡུས་ཁར་འགྱོ་དགོཔ་ལས་ འཕྲུལ་ཆས་དེ་ འཁོར་ལམ་གྱི་ཟུར་ཁར་ བཞག་ཅི་ཟེར་ཨིན་པས།
ཕོ་སྐྱེས་ཚུ་གིས་ ཁ་ཙ་ འཕྲོ་མཐུད་འབད་དེ་ འཕྲུལ་ཆས་དེ་ གཞུང་ལམ་ཁར་ བསྐྱལ་ཡོད་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *