འཁོར་ལམ་གྱི་ མཐུད་སྦྲེལ་ལེགས་བཅོས་འབད་མི་དེ་ གྲུབ་འབྲས་སྦོམ་ཤོས་ཅིག་ཨིན་ཟེར་བཤད་ཡོདཔ།

གཞུང་སྐྱོང་ཚོགས་པ་གིས་ གྲུབ་འབྲས་མང་རབས་ཅིག་ བཏོན་མིའི་གྲས་ལས་ མངོན་གསལ་ཆེ་ཤོས་ར་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་དང་ ཞིང་རྨོ་འཕྲུལ་ པ་ཝར་ཊེ་ལར་ བཀོལ་སྤྱོད་སྣུམ་འཁོར་ བོ་ལེ་རོ་ཚུ་ཨིན་ཟེར་ བདུན་མཐའི་སྐབས་ ཐིམ་ཕུག་ལུ་ མི་སེར་དམངས་གཙོ་ཚོགས་པའི་ ཨམ་སྲུའི་ཞལ་འཛོམས་འཚོགས་སར་ གྲལ་གཏོགས་འབད་མི་ཚུ་གིས་ ཞུ་ཡི།

དེ་ཡང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ དྲི་བ་བཀོད་མིའི་ལན་ལུ་ ཞུ་ཡོདཔ་ད་ བློན་ཆེན་གྱིས་འབད་བ་ཅིན་ དེ་ཚུ་ གཞུང་གི་ ཁས་བླངས་གསལ་བསྒྲགས་ཨིནམ་ལས་ ངེས་པར་དུ་ གྲུབ་དགོ་ཟེར་ཨིན་པས།

ཧེ་མ་ གཞུང་གིས་ གནམ་གྲུ་ཧེ་ལི་ཀོབ་ཊར་༢ མཁོ་སྒྲུབ་འབད་ནི་ཟེར་ སླབ་པའི་སྐབས་ ག་དེ་སྦེ་འབད་ཚུགས་འོང་ག་ཟེར་ སྐྱོན་བཏགས་མི་ ལེ་ཤ་ཐོན་ཡོདཔ་ཨིན་རུང་ ད་རེས་འབདཝ་ད་ གནམ་གྲུ་༤ དང་༥ ཡང་ མཁོ་སྒྲུབ་འབད་མ་ཚུགསཔ་མིན་འདུག་ཟེར་ བློན་ཆེན་གྱིས་ ལྷན་འཛོམས་ནང་ ཨམ་སྲུ་༥༠༠ ལྷགཔ་ཅིག་ སྤུངས་འཛོམས་འབད་མི་ཚུ་ལུ་ བཤད་ཡོདཔ་ད་ ཧེ་ལི་ཀོབ་ཊར་ལུ་བརྟེན་ ནདཔ་ཚབས་ཆེན་༤༠༠ དེ་ཅིག་ སྲོག་སྐྱབས་འབད་ཚུགས་ཅི་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ སྣུམ་འཁོར་མཁོ་སྤྲོད་འབད་མི་་དེ་ འགོ་དང་པ་ཨིནམ་མ་ཚད་ སོ་ནམ་འཕྲུལ་ཆས་ཚུ་ལུ་བརྟེན་ སོ་ནམ་པ་མང་རབས་ཅིག་ལུ་ ཕན་ཐོགས་བྱུང་ཚུགས་ཏེ་ཡོད་ཟེར་ཨིན་པས།

གཞུང་གི་གྲུབ་འབྲས་སྦོམ་ཤོས་དེ་ར་ རྒྱལ་ཁབ་ཀྱི་ འཁོར་ལམ་ཚུ་གི་ མཐུད་སྦྲེལ་ཡར་དྲག་དང་ རྒེད་འོག་ལྟེ་བའི་ ལམ་རྩི་ནག་བཏང་ཚུགས་མི་དེ་ཨིནམ་ད་ དེ་ཡང་ ཤར་ནུབ་ཀྱི་གཞུང་ལམ་ རྒྱ་སྐྱེད་འབད་མི་དང་ རྒེད་འོག་ལྟེ་བ་༡༨༠ ནང་ རྩི་ནག་བཏང་ཚར་ཡོདཔ་མ་ཚད་ རྒྱལ་པོའི་ཞིང་-ངང་ལམ་གྱི་ ཕྲང་ལམ་དང་ ཆུ་ཁ་དང་ འདམ་ཆུའི་ཕྲང་ལམ་ མཇུག་བསྡུ་རན་མི་ ཨ་མོ་ཆུ་ཟམ་བཟོ་སྐྲུན་འབད་ཚར་ཏེ་ འཕྲལ་མགྱོགས་ར་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ཚུགས་འོང་ཟེར་ཨིན་པས།

ལཱ་ཚུ་ ཧེ་མ་འགོ་བཙུགས་པའི་སྐབས་ གཞུང་གིས་ འབད་མི་ཚུགས་ཟེར་ སྐྱོན་བཏགས་མི་ མང་རབས་ཅིག་ ཐོན་ཡོད་རུང་ དེ་ཚུ་ མཐར་འཁྱོལ་ཚུགས་མི་དེ་ཡང་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱི་ བཀའ་དྲིན་ལུ་བརྟེན་ ཨིནམ་བཞིན་དུ་ མོ་ར་ རྒྱལ་ཁབ་ནང་ ཨམ་སྲུ་བློན་པོ་དང་པ་དང་ ཨམ་སྲུ་བཟོ་རིག་འགོ་དཔོན་ཡང་ དང་པ་ཨིན་ཟེར་ བློན་ཆེན་གྱིས་ བཤད་ཅི།

ཨམ་སྲུ་ཚུ་གིས་ འབད་མ་ཚུགསཔ་ རྩ་ལས་མེདཔ་མ་ཚད་ ད་ལྟོ་ མི་སེར་དམངས་གཙོ་ཚོགས་པ་ནང་ སྤྱི་ཚོགས་ཀྱི་འཐུས་མི་ ཨམ་སྲུ་༣ ཡོད་ཟེར་ཨིན་པས།

ཚོགས་པའི་ཁ་ཐུག་ལས་ ཨམ་སྲུ་མངམ་ལུ་ གོ་སྐབས་བྱིན་ནི་གི་ དཔའ་བཅམ་ཡོད་རུང་ ཨམ་སྲུ་ཚུ་གིས་ འཇམ་ཏོང་ཏོ་སྦེ་ ཁ་བཟེད་མི་བཏུབ་པའི་ཁར་ འདས་པའི་སྤྱི་ཚོགས་ཀྱི་ བཙག་འཐུ་གཉིས་ འགོ་འདྲེན་མ་འཐབ་པའི་ཧེ་མར་ ཨམ་སྲུ་ཚུ་ལུ་ སྲིད་དོན་ནང་ འཛུལ་གནང་ཟེར་ ཞུ་བ་འབད་ཡོད་རུང་ མང་ཤོས་ཅིག་གིས་ ཁ་བཟེད་མ་བཏུབ་བཟུམ་སྦེ་ ད་ལྟོའི་གནས་སྟངས་ནང་ཡང་ དེ་སྦེ་ར་ཨིན་མས་ཟེར་ ཚོགས་པའི་གཙོ་འཛིན་ཡང་ཨིན་མི་ བློན་ཆེན་གྱིས་ བཤད་ཅི།

དེ་སྦེ་ ངོས་ལེན་མེད་མི་དེ་ཡང་ བཟའ་ཚང་གི་ མནོ་བསམ་ག་ར་ ཨམ་སྲུ་ཚུ་གིས་ གཏང་དགོ་ནི་དེ་གིས་དང་ ག་དེམ་ཅིག་སྦེ་ བཙག་འཐུ་མ་གྲུབ་པ་ཅིན་ ཁོང་གི་ཨ་ལོ་དང་ རྨགཔ་ བཟའ་ཚང་གི་ མིང་གཏམ་ལུ་ ཐོ་ཕོག་པའི་ཚ་གྱང་ དེ་ལས་ གཅིག་ སྔར་སྲོལ་ལམ་ལུགས་དེ་གིས་ཡང་ གནོདཔ་མས་ཟེར་ཨིན་པས།

ཚོགས་པའི་ཁ་ཐུག་ལས་ སྤྱི་ཚོགས་ནང་ བརྒྱ་ཆ་༣༠ དེ་ཅིག་ ཨམ་སྲུ་ཡོདཔ་སྦེ་ དམིགས་གཏད་བསྐྱེད་ཡོད་རུང་ ཨམ་སྲུ་ཚུ་གིས་ སྤྲོ་བ་བསྐྱེད་མ་བཏུབ་མི་ལུ་བརྟེན་ དམིགས་དོན་དེ་ གྲུབ་མ་ཚུགས་ཟེར་ཨིན་པས།

ཨིན་རུང་ གཞུང་གི་ཁ་ཐུག་ལས་ ཨམ་སྲུ་ཚུ་གི་ མཐའ་དོན་ལུ་དམིགས་ཏེ་ ཟླ་ངོ་༦ སྐྱེས་མའི་ངལ་གསོ་དང་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་༢༥༠ ན་ཟུག་རྐྱབ་མ་དགོ་པར་ ཨ་ལོ་སྐྱེས་ཚུགས་པའི་སྨན་ཁབ་ ཨ་ལོ་དང་ཨའི་གི་སྨན་ཁང་ལ་སོགས་པ་ཚུ་ གཞི་བཙུགས་འབད་ཚུགས་ཅི་ཟེར་ གཙོ་འཛིན་གྱིས་ བཤད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *