ཟླཝ་མ་ཚངམ་ལས་ ཨ་ལོ་སྐྱེས་མིའི་ཚད་གཞི་དེ་ དམིགས་ཚད་དང་ཕྱདཔ་ད་ ཉུང་སུ་ཅིག་ཨིནམ།

༉ འཇིགས་མེད་རྡོ་རྫེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཟླཝ་མ་ཚངམ་ལས་ ཨ་ལོ་སྐྱེས་མིའི་ཚད་གཞི་ བརྒྱ་ཆ་༦.༤ ལུ་གནས་མི་དེ་ འབྲུག་ལུ་བརྒྱ་ཆ་༡༠ ལས་༡༥ འི་ དམིགས་ཚད་དང་ཕྱདཔ་ད་ ཉུང་སུ་ཅིག་ཨིན་པས།
བརྒྱ་ཆ་དེ་ཡང་ རྒྱལ་ཁབ་ནང་ ཟླཝ་མ་ཚངམ་ལས་ ཨ་ལོ་སྐྱེས་མིའི་སྐོར་ལས་ ཞིབ་འཚོལ་འགོ་དང་པ་འབད་བའི་ སྙན་ཞུ་དང་འཁྲིལ་ཏེ་ཨིནམ་ད་ ཟླཝ་མ་ཚང་པར་སྐྱེས་མི་ཚུ་ཡང་ ཨ་ལོ་བདུན་ཕྲག་༣༧ གྱི་ཧེ་མར་ སྐྱེས་མི་ཚུ་ལུ་གོཝ་ཨིན་པས།
ཞིབ་འཚོལ་དེ་ཡང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གི་ ཨ་ལོའི་མཁས་མཆོག་ ཌོག་ཊར་དི་ནིཤ་ པར་དཱན་གྱིས་ འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཟླཝ་མ་ཚང་པར་སྐྱེས་མི་ཚུ་ཡང་ སྤྱི་ཟླ་དང་པ་ལས་༡༢ པ་ཚུན་གྱི་བར་ན་ སྐྱེས་བའི་ཤུལ་ལས་ སྨན་ཁང་ནང་ལས་ མ་གཏང་ཚུན་ བཞག་མི་ཚུ་ཨིནམ་ད་ ཨིན་རུང་ སྨན་ཁང་གཞན་ཁར་ལས་ གཙོ་བསྟེན་སྨན་ཁང་ནང་བཏང་མི་དང་ སྨན་ཁང་གཞན་ཁར་སྐྱེས་མི་ དེ་ལས་ ཤི་སྟེ་སྐྱེས་མི་ཚུ་ ཞིབ་འཚོལ་ནང་ མ་ཚུདཔ་ཨིན་པས།
ཞིབ་འཚོལ་འབད་མི་ཚུ་དང་འཁྲིལཝ་ད་ རྒྱལ་སྤྱི་ནང་ ཨ་ལོ་བརྒྱ་ཆ་༡༡.༡ ཟླཝ་མ་ཚང་པར་ སྐྱེས་དོ་ཡོདཔ་ཨིན་པས།
ཟླཝ་འདི་གི་སྔ་ཆ་ལུ་ ཌོག་ཊར་དི་ནིཤ་ པར་དཱན་གྱིས་ རྒྱལ་སྤྱི་སྨན་དང་གསོ་བའི་ཚན་རིག་ཞལ་འཛོམས་འཚོགས་པའི་སྐབས་ལུ་ བཤད་མིའི་ནང་ སྐྱེས་ལོ་༥ མན་ཆད་འབད་མི་ཨ་ལོ་ ཤི་རྐྱེན་བྱུང་མི་བརྒྱ་ཆ་༡༥.༤ ལས་ མང་ཤོས་ར་ ཟླཝ་མ་ཚང་པར་སྐྱིས་མི་དང་ དེ་དང་འབྲེལ་བའི་ ནད་གཞི་ལུ་བརྟེན་ ཤི་རྐྱེན་བྱུང་དོ་ཡོདཔ་ལས་ དེ་གིས་ སྐྱེས་ལོ་༥ མན་ཆད་འབད་མི་ཚུ་ལུ་ ཤི་རྐྱེན་འབྱུང་ནིའི་རྒྱུ་རྐྱེན་ངོ་མ་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ འབྲུག་ལུ་ ཨ་ལོ་ཟླཝ་མ་ཚར་པར་སྐྱེས་མིའི་སྐོར་ལས་ གནས་སྡུད་ཚུ་མེད་པའི་ཁར་ གཙོ་བསྟེན་སྨན་ཁང་གི་ ཨ་ལོ་གསར་སྐྱེས་ཚབས་ཆེན་སྡེ་ཕྲན་གྱི་སྐོར་ལས་ཡང་ ཞིབ་འཚོལ་མ་འབད་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ ཟླཝ་མ་ཚང་བར་སྐྱེས་མི་ ཨ་ལོ་ཚུ་གི་གནས་སྟངས་ ཡར་དྲག་གཏང་ཐབས་ལུ་ ཞིབ་འཚོལ་ཡོངས་རྫོགས་འབད་དགོཔ་འདུག་ཟེར་ཨིན་པས།
ཞིབ་འཚོལ་དང་འཁྲིལཝ་ད་ ཨ་ལོ་སྐྱེས་མི་མང་ཤོས་ར་ སྐྱེས་ལོ་༣༠ འོག་རྒྱུ་འབད་མི་ཚུ་ཡོད་པའི་ཁར་ འབྲིང་རིམ་གྱི་ཤེས་ཚད་ཡོད་མི་ཚུ་འདུག་ཟེར་ཨིནམ་ད་ ཨ་ལོ་ཆགས་པའི་ཤུལ་ལས་ ཐོ་བཀོད་འབད་མི་དང་ ཨ་ལོ་སྐྱེས་ཚར་བའི་ཤུལ་ལས་ སྨན་ཁང་ནང་འོང་མི་བརྒྱ་ཆ་༩༤.༥ དང་༦༦.༢ ཨིན་པས།
དེ་ལས་ ཞིབ་འཚོལ་འབད་མི་སྙན་ཞུ་ནང་ ཨ་ལོ་ཟླཝ་མ་ཚང་པར་སྐྱེས་མི་ བརྒྱ་ཆ་༨༦.༣ དེཅིག་ཡོད་པའི་ཁར་ དེ་གི་ནང་ལས་ བརྒྱ་ཆ་༥༢.༢ གཤག་བཅོས་ཐོག་ལས་ སྐྱེས་མི་ཚུ་ཨིནམ་ད་ ཨ་ལོ་ཕོ་མོའི་ཆ་ཚད་དེ་ཡང་ བརྒྱ་ཆ་༡.༢:༡ ཡོདཔ་ཨིན་པས།
དེ་གི་ནང་ལས་ ཨ་ལོ་བརྒྱ་ཆ་༦༨ སྐྱེ་ནིའི་ཚེས་གྲངས་ནང་ མ་སྐྱེ་མི་ཚུ་ཡོད་པའི་ཁར་ བརྒྱ་ཆ་༥༤.༣ སྐྱེ་བའི་སྐབས་ ལྗིད་ཚན་མ་ལངམ་སྦེ་ སྐྱེས་མི་ཚུ་ཡོདཔ་ལས་ ཕྱེད་ཀ་དེ་ཅིག་ གསར་སྐྱེས་ཚབས་ཆེན་སྨན་བཅོས་འབད་དགོཔ་ ཐོན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༩ ལས་༢༠༡༡ གི་བར་ན་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱི་ཨ་ལོའི་ཤེས་ཡོན་མ་དངུལ་དང་ གསོ་བའི་ལྷན་ཁག་གིས་ ཞིབ་འཚོལ་འབད་བའི་སྐབས་ འབྲུག་ལུ་ཨ་ལོ་བརྒྱ་ཆ་༣༧ དེ་ཅིག་ ཟླཝ་མ་ཚང་པར་སྐྱེས་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོད་པའི་ མངོན་གསལ་བྱུང་ནུག།
ཞིབ་འཚོལ་དེ་གི་དོན་ལུ་ ཁོ་གིས་ ཨམ་སྲུའི་གྲངས་ཚད་དང་ཨ་ལོ་ཆགས་པའི་ཁ་གསལ་ དེ་ལས་ ཨ་ལོ་སྐྱེས་བའི་ཁ་གསལ་ཚུ་ བསྡུ་སྒྲིག་འབད་ཡོད་པའི་ཁར་ ཨ་ལོ་ཚུ་ སྨན་ཁང་ནང་ལས་ བཏང་པའི་སྐོར་ལས་དང་ ཚབས་ཆེན་སྨན་ཁང་ནང་བཞག་མིའི་གནས་སྡུད་ཚུ་ བསྡུ་སྒྲིག་འབད་ཡོདཔ་ཨིན་པས།
ཞིབ་འཚོལ་འབད་བའི་སྐབས་ ཟླཝ་མ་ཚངམ་ལས་ཤི་མིའི་ སྤྱིར་སྙོམས་བརྒྱ་ཆ་༡༡ དང་ ཟླཝ་མ་ཚང་པར་སྐྱེས་ཏེ་ ཚབས་ཆེན་སྨན་ཁང་ནང་བཞག་མི་ བརྒྱ་ཆ་༢༡.༦ ཡོད་པའི་ མངོན་གསལ་བྱུང་ནུག།
ཟླཝ་མ་ཚང་མི་དང་ མངལ་ནང་སྡོད་པའི་སྐབས་ལས་ དཀའ་ངལ་ཡོད་མི་ཨ་ལོ་ཚུ་ ཤི་རྐྱེན་འབྱུང་ནིའི་ཉེན་ཁ་ མང་སུ་ཡོད་པའི་ཁར་ ཤི་རྐྱེན་མང་ཤོས་ར་ ཨ་ལོ་སྐྱེས་ཏེ་ བདུན་ཕྲག་༡ གི་ནང་འཁོད་ལུ་ བྱུང་དོ་ཡོདཔ་ཨིན་པས།
ཞིབ་འཚོལ་དང་འཁྲིལཝ་ད་ ཟླཝ་མ་ཚང་བར་སྐྱེས་མི་ ཨ་ལོ་མང་ཤོས་ར་ སྨན་ཁང་ནང་བཞག་པའི་ཤུལ་ལས་ དྲག་སྟེ་འགྱོ་དོ་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
ཞིབ་འཚོལ་འབད་བའི་ཤུལ་ལས་ གཙོ་བསྟེན་སྨན་ཁང་༣ གྱི་ ཨ་ལོ་གསར་སྐྱེས་སྡེ་ཕྲན་ཚུ་ནང་ ཟླཝ་མ་ཚང་པར་སྐྱེས་མི་ ཨ་ལོའི་གནས་སྡུད་ཚུ་བཞག་ནི་དང་ ཨ་ལོ་ཤི་རྐྱེན་བྱུང་བའི་ རྒྱུ་རྐྱེན་གཙོ་བོ་ ག་ཅི་ཨིན་ན་ཚུ་ ཤེས་དགོཔ་འདུག་ཟེར་བཀོད་ནུག།
དེ་ལས་ གནས་སྡུད་དང་འཁྲིལ་ ཨ་ལོ་སྐྱེ་བའི་སྐབས་ལུ་དང་ སྨན་བཅོས་འབད་ཚར་བའི་ཤུལ་ལས་ཡང་ ལྟ་རྟོག་ཚུ་འབད་དགོ་པའི་ གྲོས་འདེབས་འབད་ཡོདཔ་ཨིན་པས།
ཌོག་ཊར་དི་ནིཤ་ པར་དཱན་གྱིས་ ཞིབ་འཚོལ་འབད་མི་དེ་གིས་ མ་འོངས་པའི་ནང་ ཞིབ་འཚོལ་འབད་ནི་དང་ ལས་འགུལ་གྱི་སྤུས་ཚད་ ཡར་དྲག་གཏང་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ རྣམ་རྒྱལ་དབང་མོ་དང་ པདྨ་རིན་འཛིན།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *