༉ གསོ་བའི་ལྷན་ཁག་གིས་ དུས་ཅི་ སྤྱི་ཟླ་༦ པ་ལས་༡༡ པའི་བར་ན་ ཨེཆི་ཨའེ་བི་ནད་འབུབ་ཐོབ་མི་༣༠ ངོས་འཛིན་འབད་མིའི་གྲངས་སུ་ ཕོ་སྐྱེས་༡༤ དང་ ཨམ་སྲུ་༡༦ ཡོདཔ་ཨིན་པས།
ནད་འབུབ་ཐོབ་མི་ཚུ་གི་གྲས་ལས་ བརྒྱ་ཆ་༧༣ དེ་ཅིག་ སྐྱེས་ལོ་༢༥ དང་༤༩ གི་བར་ན་འབད་མི་ཚུ་ཨིནམ་བཞིན་དུ་ ནང་གི་ཨམ་དང་ སོ་ནམ་པ་ དེ་ལས་ ཚོང་ལཱ་འབད་མི་༨ རེ་དང་ དེད་གཡོགཔ་༤ དེ་ལས་ སློབ་ཕྲུག་དང་ ལོ་ན་མ་སྨིན་པ་ རེ་ཡོདཔ་ཨིན་པས།
གསོ་བའི་སྙན་ཞུ་དང་འཁྲིལཝ་ད་ གནད་དོན་གསརཔ་༣༠ གི་གྲས་ལས་༢༩ ཕོ་མོའི་བར་ན་ ལུས་འབྲེལ་ལུ་བརྟེན་ སྤེལ་ཡོདཔ་ད་ ཨའི་ལས་ ཨ་ལོ་ལུ་འབུ་ཡོད་པའི་ གནད་དོན་༡ བྱུང་ནུག།
ནད་འབུབ་ཐོབ་མི་ བརྒྱ་ཆ་༤༠ དེ་ཅིག་ ནད་འབུབ་ཐོབ་མི་ཚུ་གིས་ ཁོང་དང་འབྲེལ་བ་འཐབ་སྟེ་ ངོས་འཛིན་འབད་ཡོདཔ་ད་ བརྒྱ་ཆ་༢༧ དེ་ཅིག་ གསོ་བའི་བརྟག་དཔྱད་ཐོག་ལས་དང་ བརྒྱ་ཆ་༢༣ དེ་ཅིག་ ཁས་བླངས་དང་ གསོ་བའི་བསླབ་སྟོན་ཐོག་ལས་ཨིནམ་ད་ བརྒྱ་ཆ་༡༠ ཨ་ལོ་ཕོཝ་ནང་ཡོད་མི་ཚུ་ བརྟག་དཔྱད་འབད་བའི་སྐབས་ བདའ་ཟུན་ནུག།
ད་ལྟོ་ ནད་འབུབ་ཐོབ་མི་ཚུ་ ཆ་མཉམ་ར་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ད་ སྤྱི་ལོ་༢༠༡༨ ལུ་ ནད་འབུབ་ཐོབ་མི་༥༧ ངོས་འཛིན་འབད་ཡོདཔ་ཨིན་པས།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ འདས་པའི་ལོ་ངོ་༢༥ འི་ནང་འཁོད་ལུ་ འབྲུག་གིས་ ནད་གཞི་བདའ་ཟུན་ནི་དང་ སྨན་བཅོས་འབད་ནིའི་ནང་ དམིགས་བསལ་གྱི་ གྲུབ་འབྲས་ཐོན་ཡོད་རུང་ ད་ལྟོ་ བརྒྱ་ཆ་༥༠ དེ་ཅིག་ བདའ་ཟུན་མ་ཚུགས་མི་དང་ སྨན་བཅོས་ཀྱི་ཐད་ལུ་ བརྒྱ་ཆ་༦ དེ་ཅིག་ ས་སྟོང་ཡོད་མི་དེ་ མར་ཕབ་འབད་དགོཔ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ནད་འབུབ་ གཞན་ལུ་ སྤེལ་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ ནད་འབུབ་ཡོད་མི་ཚུ་གིས་ རང་ལུ་ ནད་འབུབ་ཡོདཔ་ཧ་གོཝ་བཟོ་ནི་དེ་ ང་བཅས་ཀྱི་ གཙོ་རིམ་ཨིན་ཟེར་ཨིན་པས།
མི་མང་གསོ་བའི་ལས་ཁུངས་ཀྱི་མདོ་ཆེན་ ཌོག་ཊར་ཀརྨ་ལྷ་འཛིན་གྱིས་ སླབ་མིའི་ནང་ ཆ་མཉམ་ར་ སྨན་བཅོས་འབད་དགོ་པའི་སྲིད་བྱུས་༢༠༡༦ ཅན་མ་ གཞི་བཙུགས་འབད་ཞིནམ་ལས་ ནད་འབུབ་ཨེཆི་ཨའེ་བི་དང་གཅིག་ཁར་སྡོད་མི་ གཟུགས་སྟོབས་ཤུགས་ཚད་སི་ཌི་༤ འབད་མི་ཚུ་བརྩིས་ཏེ་ ནདཔ་ག་ར་ སྨན་བཅོས་འབད་ཚུགས་ཟེར་ཨིནམ་ད་ སྤུས་ཚད་ཅན་གྱི་ གཅེས་སྐྱོང་དང་སྨན་བཅོས་འབད་མི་དེ་གིས་ ནད་འབུབ་གཞན་མ་ཐོབ་མི་དང་ ཅོག་འཐདཔ་སྦེ་ར་ མི་ཚེ་ཡུན་རིངམོ་སྦེ་ སྡོད་ཚུགས་ཟེར་ཨིན་པས།
ཨིན་རུང་ མོ་གིས་ བཤད་མིའི་ནང་ གྲུབ་འབྲས་ལེགས་ཤོམ་འཐོན་དགོ་པ་ཅིན་ འོས་འབབ་ཅན་གྱི་ སྨན་བཅོས་འབད་དེ་ དུས་ཚོད་ཁར་ སྨན་བཟའ་ནི་དེ་ ཁག་ཆེ་ཟེར་ཨིན་པས།
ལྷན་ཁག་གི་ གནས་ཚུལ་གསར་བཏོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མ་གཞི་ ཨེཆི་ཨའེ་བི་ཐོབ་མིའི་གྱངས་ཁ་དེ་ ཡར་སེང་འགྱོ་བཞིན་དུ་ཡོད་རུང་ འདས་པའི་ལོ་༥ འི་ནང་འཁོད་ལུ་ ལོ་བསྟར་དཔྱ་སྙོམས་བརྒྱ་ཆ་༥༥ དེ་ཅིག་ལས་ ངོས་འཛིན་མ་འབད་མི་དེ་ བརྒྱ་ཆ་༥༠ དེ་ཅིག་རྐྱངམ་གཅིག་ ངོས་འཛིན་འབད་ཚུགས་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
ད་ལྟོ་ རྒྱལ་ཁབ་ནང་ མི་༡,༢༦༥ དེ་ཅིག་ སྔོན་རྩིས་བཏོན་ས་ལས་ མི་༦༣༨ དེ་ཅིག་གིས་ ཁོང་གི་གཟུགས་ཁར་ ནད་འབུབ་ཡོད་པའི་སྐོར་ལས་ ཤེས་རྟོགས་མེདཔ་འོང་ནི་མས་ཟེར་ཨིན་པས།
རྒྱལ་ཁབ་ནང་ སྤྱི་ལོ་༡༩༩༣ ལས་ སྤྱི་ལོ་༢༠༡༨ ཀྱི་ཟླཝ་༡༡ པ་ཚུན་ ནད་འབུབ་ཡོད་མི་༦༢༧ ཐོ་ནང་ཚུད་ཡོད་ས་ལས་ ཕོ་སྐྱེས་༣༢༣ དང་ ཨམ་སྲུ་༣༠༤ ཡོདཔ་ཨིན་པས།
ཁོང་གི་གྲས་ལས་ རྒྱལ་ཁབ་གཞན་ཚུ་ནང་བཟུམ་སྦེ་ ནད་འབུབ་ཐོབ་མི་བརྒྱ་ཆ་༨༤ སྐྱེས་ལོ་༢༠ དང་༤༩ གི་བར་ན་ འབད་མི་ཚུ་ཨིནམ་ད་ བརྒྱ་ཆ་༨ སྐྱེས་ལོ་༡༥ འོག་རྒྱུ་དང་ སྐྱེས་ལོ་༥༠ ཡན་ཆད་ འབད་མི་ཚུ་ཨིན་པས།
ནད་འབུབ་དེ་ཡང་ བརྒྱ་ཆ་༩༣ ཕོ་མོའི་བར་ན་ ནད་འབུབ་བཀག་ཤུབས་ ལག་ལེན་མ་འཐབ་པར་ ལུས་འབྲེལ་འབད་མི་ལུ་བརྟེན་ བྱུང་ཡོདཔ་ད་ བརྒྱ་ཆ་༦ ཨའི་ལས་ ཨ་ལོ་ལུ་སྤེལ་སྤེལཝ་ བརྒྱ་༠.༥ སྨྱོ་རྫས་ཁབ་ལག་ལེན་འཐབ་མི་དང་ རྒྱལ་ཁབ་ཀྱི་ཕྱི་ཁར་ ཁྲག་བཙུགས་མི་ལུ་བརྟེན་ སྤེལ་ཡོད་པའི་མངོན་གསལ་བྱུང་ནུག།
ཨེཆི་ཨའེ་བི་ནད་འབུབ་བཀག་ནི་དེ་ ནད་གཞི་ཐོབ་མི་རྐྱངམ་གཅིག་མེན་པར་ ཆ་མཉམ་གྱི་འགན་ཁུར་ཨིནམ་བཞིན་དུ་ ཐབས་ཤེས་གཙོ་བོ་ཅིག་ མི་སྡེ་ནང་ རྣམ་རྟོག་ལང་ནི་དང་ ཉེ་རིང་ཕྱེ་ནི་དེ་ སྤང་དགོཔ་ཨིན་པས།
དེ་དང་གཅིག་ཁར་ དུས་ཅི་ འཛམ་གླིང་ཨེཌསི་གི་ཉིནམ་དེ་ སྤྱི་ཟླ་༡༢ པའི་ཚེས་༡ ལུ་ ཁྱོད་རའི་ཨེཆི་ཨའེ་བི་གི་ གནས་ཚད་ཧ་གོ་ཞིནམ་ལས་ ཚུལ་དང་ལྡནམ་སྦེ་ མི་ཚེ་སྐྱོང་ཟེར་མི་ བརྗོད་དོན་ཐོག་ བསམ་གྲུབ་ལྗོངས་མཁར་ལུ་ བརྩི་སྲུང་འབད་ནི་ཨིན་པས།
དེ་དང་འབྲེལ་ ལྷན་ཁག་གིས་ སྤྱི་ཟླ་༡༢ པའི་ཚེས་༡ ལས་༨ ཚུན་ རྒྱལ་ཡོངས་ཨེཆི་ཨའེ་བི་བརྟག་ཞིབ་བདུན་ཕྲག་ བརྩི་སྲུང་འབད་ཐོག་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ ཀྲོང་གསར་ བསམ་གྲུབ་ལྗོངས་མཁར་ དེ་ལས་ སྤུ་ན་ཁ་དང་ ལོད་སྦིས་སའི་ལམ་བདའ་སྟེ་ རྒྱལ་ཡོངས་ཀྱི་བརྗོད་དོན་ རྣམ་རྟོག་དང་ཉེ་རིང་མེད་པར་ ཁྱོད་རའི་ཨེཆི་ཨའེ་བི་གི་ གནས་ཚད་ཧ་གོ་ཟེར་མི་ལུ་ གཞི་བཞག་སྟེ་ ནད་གཞི་བརྟག་དཔྱད་ཀྱི་ཞབས་ཏོག་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།