༉ གསར་སྤང་ ཆུ་གཟར་སྒང་རྒེད་འོག་ ཟླ་བ་ཐང་གཡུས་ཚན་ནང་ གུང་པ་༢༦ དེ་ཅིག་གིས་ ཞིང་ཆུའི་དཀའ་ངལ་ལུ་བརྟེན་ ས་ཞིང་ཨེ་ཀར་ལས་བཅད་དེ་ ལོ་ངོ་༥ ལྷགཔ་ཅིག་ ལྕང་ལཱ་མ་རྐྱབ་པར་བཞག་མི་དེ་ སང་ཕོད་ལས་ ལོག་རྐྱབ་ནི་ཨིན་པས།
དེ་ཡང་ ཧེ་མ་ཡོད་པའི་ ཆུ་གཡུར་རྙིངམ་དེ་ ཉམས་བཅོས་འབད་མ་བཏུབ་ལས་ དགེ་ལེགས་ཕུག་ ལུང་ཕྱོགས་སོ་ནམ་འཕྲུལ་ཆས་ལྟེ་བ་གིས་ ས་རྐོ་འཕྲུལ་ཆས་རྒྱབ་སྐྱོར་ཐོག་ལས་ བློ་མཐུན་ཆུ་གཡུར་ཚོགས་པ་གིས་ ཆུ་གཡུར་གསརཔ་ཅིག་ བཏོན་ཡོདཔ་ཨིན་པས།
བློ་མཐུན་ཆུ་གཡུར་ཚོགས་པའི་ ཁྲི་འཛིན་པདྨ་ཚེས་བཅུ་གིས་ སླབ་མིའི་ནང་ ས་གནས་དེ་ནང་ ཞིང་ཆུ་མེད་པར་ ས་ཆ་ཚུ་ག་ར་ སྟོངམ་སྦེ་ལུས་མི་ཚུ་ ཉམས་བཅོས་འབད་དགོ་པའི་ ཞུ་བ་འབད་རུང་ རྒེད་འོག་བདག་སྐྱོང་གིས་ ངོས་ལན་འབད་མ་བཏུབ་ལས་ བློ་མཐུན་ཚོགས་པ་ལུ་ ཞུ་བ་འབད་དེ་ ཚོགས་པ་གིས་ ལྟེ་བ་ལས་ འཕྲུལ་ཆས་ཀྱི་རྒྱབ་སྐྱོར་ལེན་ཞིནམ་ལས་ ཞིང་ཆུའི་གཡུར་བ་ཅིག་ གསརཔ་བཏོན་མི་གིས་ དཀའ་ངལ་དེ་ བསལ་ཚུགས་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སོ་ནམ་འཕྲུལ་ཆས་ལྟེ་བ་གིས་ ཉིན་གྲངས་༤ གི་རིང་ ས་རྐོ་འཕྲུལ་ཆས་རྒྱབ་སྐྱོར་གནང་སྟེ་ ཆུ་གཡུར་བཏོན་མི་དེ་གིས་ གུང་པ་༢༦ ལུ་ ཕན་ཐོགས་འབྱུང་ནི་ཨིན་རུང་ ཚོགས་པ་ལུ་ཡང་ མ་དངུལ་མེདཔ་ལས་ རྩི་ས་གིས་ བཟོ་མ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ གཡུར་བ་བཏོན་ཚར་ཞིནམ་ལས་ སྤྱི་ལོ་༡༩༨༠ ལུ་ ཏག་ལའི་ཆུ་གཡུར་བཏོན་པའི་སྐབས་ ཆུ་གཡུར་བདའ་སྟེ་ ལམ་ཡོད་མི་ཚུ་ཡང་ ག་ར་མེདཔ་ཐལ་ཡོདཔ་ལས་ ལམ་ཀི་ལོ་མི་ཊར་༣ དེ་ཅིག་ཡང་ ཉམས་བཅོས་འབད་ནི་ཨིན་ཟེར་ཨིན་པས།
ཧེ་མ་ ཆུ་གཡུར་ཚོགས་པ་དེ་ སྒྲིང་སྒྲི་མེད་པའི་ཁར་ གནད་དོན་དེའི་སྐོར་ལས་ ལྷན་ཁག་ལུ་ཡང་ ཞུ་བ་འབད་མ་ཚུགས་པའི་ཁར་ རྒེད་འོག་བདག་སྐྱོང་ཁ་ཐུག་ལས་ཡང་ ཆུ་གཡུར་ཚོགས་པ་དང་ ལས་འགུལ་གྱིས་ ཉམས་བཅོས་འབད་འོང་ཟེར་སླབ་སྟེ་ དེ་སྦེ་ར་ ལུས་སོ་ནུག་ཟེར་ཨིན་པས།
མི་སེར་ཚུ་གིས་ ཞིང་ཆུ་བཏོན་མ་ཚུགས་པ་ཅིན་ སྐམ་ཞིང་ལུ་བསྒྱུར་ནིའི་ གནང་བ་ཞུ་ཡོད་རུང་ འཆར་གཞི་ལྟར་དུ་ འགྱོ་མ་བཏུབ་ལས་ ས་ཞིང་སྟོངམ་སྦེ་ར་ ལུས་ཡོདཔ་ཨིན་པས།
ཆུ་གཡུར་ཚོགས་པ་དེ་ ལོ་༥ འི་ནང་ཚར་རེ་ གསེར་ཤོང་རྒེད་འོག་དང་ ཆུ་གཟར་སྒང་རྒེད་འོག་༢ ཀྱིས་ མི་སེར་ཚུ་གིས་ གདམ་འཐུ་འབད་དོ་ཡོདཔ་ལས་ འདས་པའི་ཚོགས་པ་ཚུ་ སྒྲིང་སྒྲི་སྦེ་ རྒྱུན་སྐྱོང་འབད་མ་ཚུགསཔ་ལས་ ཆུ་གཡུར་གསར་བཏོན་མ་ཚུགས་པའི་ཁར་ ཉམས་བཅོས་ཡང་ གངམ་མ་འབད་བར་ ལུས་ཡོདཔ་ཨིན་པས།
སྤྱི་ལོ་༡༩༨༠ ལུ་ ཇ་པཱན་གཞུང་གིས་ རྒེད་འོག་༢ ཀྱི་ མི་སེར་ག་ར་ལུ་ ཞིང་ཆུ་རྒྱུན་ཆད་མེད་པར་ བགོ་བཀྲམ་འབད་ནིའི་དོན་ལུ་ ཏག་ལའི་ཞིང་ཆུ་བཟོ་སྐྲུན་འབད་དེ་ ས་གནས་ག་ར་ནང་ ཞིང་ཆུ་བགོ་བཀྲམ་འབད་ཡོད་རུང་ ཤུལ་ལས་ ས་རུད་དང་ ཆུ་རུད་ཀྱིས་ ཆུ་གཡུར་མང་ཤོས་ར་ མེདཔ་བཏང་ཡོདཔ་ལས་ ཉམས་བཅོས་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ས་གནས་ནང་ལས་ སྐྱེས་ལོ་༢༦ ལང་མི་ རྡོ་རྗེ་དབང་མོ་གིས་ སླབ་མིའི་ནང་ མོ་གི་ ཆུ་ཞིང་ཨེ་ཀར་༣ འབད་མི་དེ་ ལྕང་ལཱ་རྐྱབ་མ་ཚུགས་པར་ ལོ་༣ དེ་ཅིག་ ལུས་ཡོདཔ་ཨིན་རུང་ ཆུ་གཡུར་གསརཔ་བཏོན་མི་དེ་གི་ སང་ཕོད་ ལྕང་ལཱ་རྐྱབ་ཚུགས་ནི་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ བཟའ་ཚང་ལེ་ཤ་ཡོད་མི་དེ་གིས་ ཆུ་མ་ལང་པའི་དཀའ་ངལ་བྱུང་རུང་ འབད་ཐབས་ག་ནི་ཡང་མེད་པར་ ལོ་༣ དེ་སྦེ་ར་ སྡོད་ཅི་ཟེར་ཨིནམ་ད་ དཀའ་ངལ་དེ་ སེལ་ཐབས་འབད་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
ས་གནས་ནང་ལས་ དོན་གྲུབ་ཀྱིས་ སླབ་མིའི་ནང་ ཧེ་མ་ ཁོང་ལུ་ ཆུ་ཐོབ་ཡོད་རུང་ ཤུལ་ལས་ ས་རུད་ལུ་བརྟེན་ ཆུ་གཡུར་མེདཔ་ཐལ་ཡོདཔ་ལས་ རྒེད་འོག་བདག་སྐྱོང་གི་ཁ་ཐུག་ལས་ བཟོ་རིག་འགོ་དཔོན་གྱིས་ ཚར་གཅིག་ས་འཇལ་ཡོདཔ་ཨིན་རུང་ ག་ནི་ཡང་ འབད་མ་ཚུགས་ཟེར་ཨིན་པས།
ཤ་ཝ་སྤང་སྤྱི་འོག་ཚོགས་པ་ ཉི་མ་རྡོ་རྗེ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ རྒེད་འོག་བདག་སྐྱོང་ལུ་ ཆུ་གཡུར་ཉམས་བཅོས་འབད་དགོ་པའི་ ཞུ་བ་ཡང་བསྐྱར་འབད་རུང་ འཆར་དངུལ་ལངམ་སྦེ་མེདཔ་ལས་ ཉམས་བཅོས་འབད་མ་ཚུགས་ཟེར་ཨིནམ་ད་ ད་ལས་ཕར་ འཆར་གཞི་ནང་ ཚུད་ཡོདཔ་ལས་ ཉམས་བཅོས་འབད་འོང་ཟེར་ཨིན་པའི་གནས་ཚུལ།
ཉིམ་རྡོ་རྗེ།