ཁ་ཙ་ མཇུག་བསྡུ་མི་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ་གིས་ ལྕགས་ཟམ་རྐྱབ་པའི་བསྒང་།

ཟམ་བཟོ་སྐྲུན་གྱི་ སྦྱོང་བརྡར་དང་འབྲེལ་ ཇོ་མོ་རི་གཙང་ཆུ་གུ་ ལྕགས་ཟམ་རྐྱབ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལའུ་རི་རྒེད་འོག་ འཇོམས་པ་ལུ་ ཇོ་མོ་རི་གཙང་ཆུ་གུ་ ལྕགས་ཟམ་རྐྱབ་མི་དེ་ ཁ་ཙ་ བསྒྲུབས་ཡོདཔ་བཞིན་དུ་ ཟམ་དེ་གིས་ སྤྱི་འོག་༥ གི་མི་སེར་དང་ ལའུ་རི་སློབ་གྲྭ་ཆུང་བ་ལུ་ ཕན་ཐོགས་སྦོམ་ འབྱུང་ནི་ཨིན་པས།

ལྕགས་ཟམ་དེ་ཡང་ བསམ་གྲུབ་ལྗོངས་མཁར་ ལུང་ཕྱོགས་ལམ་སེལ་ཡིག་ཚང་གིས་ གློ་བུར་གྱི་ རྐྱེན་ངན་ཐོནམ་ད་ གྲ་སྒྲིག་འབད་ཐབས་ལུ་ ཤར་ཕྱོགས་རྫོང་ཁག་༦ གི་ བཟོ་རིག་འགོ་དཔོན་དང་ དྲག་པའི་དམག་མི་ དེ་ལས་ བདེ་སྲུངཔ་༨༠ ལྷགཔ་ཅིག་ལུ་ ཉིན་གྲངས་༥ གི་རིང་ ལྕགས་ཟམ་བཟོ་སྐྲུན་གྱི་ སྦྱོང་བརྡར་བྱིན་པའི་སྐབས་རྐྱབ་ནུག།
ཟམ་ལས་སྡེའི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཀརྨ་དབང་འདུས་ཀྱིས་ སླབ་མིའི་ནང་ སྦྱོང་བརྡར་གྱི་ དམིགས་ཡུལ་དེ་ རྒྱལ་ཁབ་ནང་ ལྕགས་ཟམ་ཚུ་ གློ་བུར་རྐྱེན་ངན་སྐབས་ ལག་ལེན་འཐབ་བཏུབ་པའི་ཟམ་སྦེ་ ངོས་འཛིན་འབད་ཡོད་པའི་ཁར་ བཟོ་རིག་གཅིག་གི་ འགོ་འདྲེན་ཐོག་ བཟོ་སྐྲུན་འབད་ཚུགས་མི་ཅིག་འབདཝ་ལས་ ལས་བྱེདཔ་ཚུ་ཡང་ ཅ་ཆས་ལ་སོགས་པ་ཚུ་གི་སྐོར་ལས་ ཤེས་རྟོགས་ཡོདཔ་ བཟོ་ཐབས་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ལུང་ཕྱོགས་ལམ་སེལ་ཡིག་ཚང་༩ ཡོདཔ་བཞིན་དུ་ ཡིག་ཚང་རེའི་ནང་ ལྕགས་ཟམ་༢ རེ་ གྲ་སྒྲིག་སྦེ་ བཞག་དོ་ཟེར་ཨིནམ་ད་ ས་གོ་ལེ་ཤ་ཅིག་ནང་ ཟམ་རྐྱབ་དགོཔ་ཡོད་རུང་ ཇོ་མོ་རི་ལུ་ འགོ་འདྲེན་འཐབ་མི་དེ་ གཙང་ཆུ་སྦོམ་ཡོདཔ་ལས་ མི་སེར་ཚུ་ལུ་ རྒྱུན་འགྲུལ་འཐབ་ནི་ལུ་ དཀའ་ངལ་སྦོམ་ཡོད་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།
ལྕགས་ཟམ་དེ་ གཏན་འཇགས་སྦེ་མེན་པར་ གནས་སྐབས་ཅིག་གི་དོན་ལུ་ རྐྱབ་ཡོད་རུང་ དེ་གིས་ ལོ་ཚད་༣༠ ལྷགཔ་ཅིག་ ཐུབ་ཚུགས་ཟེར་ཨིནམ་ད་ ད་ལྟོའི་ལྕགས་ཟམ་དེ་ བསྒྲུབས་ཡོད་རུང་ རྩིགཔ་རྐྱབ་དགོཔ་ཡོདཔ་ལས་ ད་ལྟོ་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འཐབ་མི་བཅུག་ནི་ཨིན་པས།
རིང་ཚད་ཕིཌ་༡༤༠ དང་ ལྗིད་ཚད་མེ་ཊིག་ཊཱན་༢༤ འབག་ཐལ་ཚུགས་མི་ ལྕགས་ཟམ་རྐྱབ་ནིའི་དོན་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༡༡ བྱིན་ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་ཤེས་རིག་གཙོ་འཛིན་འོགམ་དང་ བདེ་སྲུངཔ་བདེ་ཆེན་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ད་རེས་ ལག་ལེན་དངོས་བསྟར་གྱི་ སྦྱོང་བརྡར་ནང་ ཟམ་གྱི་ཅ་ཆས་ཚུ་གི་མིང་དང་ ཟམ་གྱི་ཚད་གཞི་ དེ་ལས་ ཅ་ཆས་སྒྲིག་ཐངས་ལ་སོགས་པ་ཚུ་གི་སྐོར་ལས་ ཤེས་རྟོགས་བྱུང་མི་དེ་གིས་ མ་འོངས་པར་ རྐྱེན་ངན་ཚུ་གི་སྐབས་ རྒྱབ་སྐྱོར་འབད་ཚུགས་ནི་མས་ཟེར་ཨིན་པས།
བཀྲིས་གཡང་རྩེའི་ ཤེས་རིག་གཙོ་འཛིན་འགོ་དཔོན་ ཆོས་གྲགས་རྒྱ་མཚོ་གིས་འབད་བ་ཅིན་ བདེ་སྲུངཔ་ཚུ་ འཕྲལ་འཕྲལ་ར་ རྐྱེན་ངན་ཚུ་གི་སྐབས་ རྒྱབ་སྐྱོར་འབད་བར་ འགྱོ་དགོཔ་ལས་ མེ་བསད་ནི་ལ་སོགས་པའི་ སྦྱོང་བརྡར་རྐྱངམ་གཅིག་མ་གཏོགས་ དེ་བཟུམ་མའི་ སྦྱོང་བརྡར་འགོ་འདྲེན་འཐབ་ནི་ མིན་འདུག་ཟེར་ཨིན་པས།
ཕ་ཇོ་དགོན་པ་ལས་ སྐྱེས་ལོ་༦༠ ལང་མི་ དངོས་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ ཧེ་མར་ ཟམ་མེད་པའི་སྐབས་ ཆུ་བརྒལ་མ་ཚུགས་མི་ལུ་བརྟེན་ ལའུ་རི་སློབ་གྲྭ་ཆུང་བའི་ རྒྱགས་སྐལ་ཚུ་ ཇོ་མི་རི་ལས་ འབག་དགོ་པའི་ཁར་ ཆུ་གིས་ འཕྱག་བདའ་ནིའི་ ཉེན་ཁ་ཡང་ ཡོདཔ་ཨིན་རུང་ ད་ལས་ཕར་ ཟམ་དེ་གིས་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ད་རུང་ སྐྱེས་ལོ་༥༢ ལང་མི་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་གིས་ དངུལ་ཐོག་ཀེ་བ་དང་ ཨ་ལཱན་ཅི་འཛུགས་སྐྱོང་འབད་དོ་ཡོད་རུང་ ཚོང་འབྲེལ་འཐབ་མ་ཚུགས་པའི་ དཀའ་ངལ་ཡོད་རུང་ ད་ལས་ཕར་ ཟམ་དེ་ལུ་བརྟེན་ ཚོང་འབྲེལ་འཐབ་སྟེ་ མ་དངུལ་དུམ་གྲ་རེ་ བཟོ་ཚུགས་ནི་མས་ཟེར་ཨིན་པའི་གནས་ཚུལ།

ལའུ་རི་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *