གྲུབ་འབྲས་ལེགས་ཤོམ་ཐོན་དོ་ཡོད་མི་ རན་ལྡི་སྦིས་ཟམ།

ཟམ་བཟོ་སྐྲུན་གྱི་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ།

༉ གཞལམ་སྒང་ བར་དོ་རྒེད་འོག་ རན་ལྡི་སྦིས་ཀྱི་ ཉེ་འདབས་ལུ་ཡོད་པའི་ མང་སྡེ་ཆུ་གུ་ ཟམ་རྐྱབ་པའི་བསྒང་ཡོད་མི་དེ་ གྲུབ་འབྲས་ལེགས་ཤོམ་ཐོན་དོ་ཡོད་མི་ལུ་བལྟ་སྟེ་ གཡུས་མི་ཚུ་ སེམས་དགའ་དོ་ཡོདཔ་ཨིན་པས།
དེ་ལས་ ཟམ་དེ་ བསྒྲུབ་པའི་བསྒང་ལས་ ཉེ་འདབས་ཀྱི་གཡུས་ཚན་ ལང་དུར་སྦིས་དང་ ལྡི་དགའ་ལ་ དེ་ལས་ གཡུས་ཚན་གཞན་ཚུ་གིས་ ལྡི་དགའ་ལའི་ སོ་ནམ་ཞིང་ལམ་དེ་ཡང་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
ད་རེས་ ཟམ་དེ་གི་ ལྕགས་གདངམ་ཨིསི་ཊིལ་གཱར་ཌར་ཚུ་ འཐིང་པའི་བསྒང་ཡོདཔ་ད་ བདུན་ཕྲག་༡ དེ་ཅིག་ལས་ འགོ་བཙུགས་མི་ལཱ་དེ་ མཇུག་བསྡུ་ནི་ལུ་ ཟླ་ངོ་༣ དེ་ཅིག་ འགོར་ནི་ཨིན་པས།
ཏིང་ཏི་སྦིས་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་གཙོ་འཛིན་ ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ ཨིསི་ཊིལ་གཱ་ཌར་ཚུ་ བཙུགས་ཚར་བའི་ཤུལ་ལུ་ དེ་གི་ཐོག་ཁར་ ཨརཆི་ཅ་ཆས་ཚུ་ བཀལ་དགོཔ་ཡོད་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཟམ་གྱི་གཡས་དང་གཡོན་ལུ་ མི་ལམ་ཚུ་ཡང་ བཟོ་བའི་ཤུལ་ལུ་ རྩི་ས་བླུག་ཞིནམ་ལས་ ཟམ་གྱི་བཟོ་བཀོད་ མཇུག་བསྡུ་ནི་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་ ཟམ་བཟོ་སྐྲུན་གྱི་དོན་ལུ་ ཅ་ཆས་ཚུ་ག་ར་ ས་ཁོངས་ནང་ ལྷོད་ཡོདཔ་བཞིན་དུ་ དཀའ་ངལ་མ་འཐོན་པ་ཅིན་ ཁག་འབག་གི་ཞག་དུས་དང་བསྟུན་ སྤྱི་ལོ་༢༠༡༨ ཀྱི་ཟླཝ་༦ པའི་ནང་ མཇུག་བསྡུ་འོང་ཟེར་ཨིན་པས།
མ་གཞི་ཟམ་དེ་ སྤྱི་ལོ་༢༠༡༡ ལས་ར་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ སྒྲུབ་མ་ཚུགསཔ་ད་ དེ་ཡང་ ལཱ་འགོ་བཙུགས་པའི་བསྒང་ལས་ར་ གཙང་ཆུའི་མཐའམ་གཡོན་ཕྱོགས་ཀྱི་ གཞི་འགྱམ་རྐོ་བའི་སྐབས་ སའི་གཞི་འགྱམ་གུ་ གག་འགྲམ་མཐོང་ཡོདཔ་བཞིན་དུ་ མཁས་མཆོག་ཚུ་གིས་ དབྱེ་ཞིབ་འབདཝ་ད་ དུས་ཡུན་རིངམོ་སྦེ་ར་ འགོར་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཁག་འབག་གི་ལཱ་ སྤྲོད་པའི་སྐབས་ཀྱི་ ས་ཁྲ་དང་འཁྲིལཝ་ད་ བསྒྱུར་བཅོས་འབད་དགོཔ་ འཐོན་ནི་དེ་གིས་ རྨང་གཞིའི་ལཱ་དེ་ ལམ་སེལ་ལས་ཁུངས་ ཁོང་ར་གིས་འབད་དེ་ སྤྱི་ལོ་༢༠༡༦ གི་ཟླཝ་༣ པའི་ནང་ ཟམ་བཀལ་ནིའི་ལཱ་དེ་ ཁག་འབགཔ་ལུ་ ལོག་སྤྲོད་ཡོདཔ་ཨིན་པས།
ཨིན་རུང་ དེ་གི་ཤུལ་ལས་ཡང་ ཁག་འབགཔ་གིས་ ད་ཚུན་འགོར་མི་ ལོ་ངོ་༥ གི་ སྐྱ་ནམ་གྱི་ གོང་ཚད་ཡར་སེང་རྩིས་རྐྱབ་སྟེ་ ལཱ་གི་གནས་གོང་ བསྒྱུར་བཅོས་འབད་དེ་ བཙུགས་པའི་སྐབས་ ལས་ཁུངས་ལས་ ངོས་ལེན་མ་བྱུངམ་ལས་ ད་རུང་ ཟླཝ་༩ དེ་ཅིག་ ལཱ་ཐོགས་ཏེ་ ལུས་ཡོདཔ་ཨིན་པས།
ད་རེས་ ཟམ་དེ་ ཡུན་འགྱངས་ལུས་མི་ལུ་བརྟེན་ སྤྱི་ལོ་༢༠༡༡ ལུ་སེལ་མི་ ལྡི་ག་ལའི་་ སོ་ནམ་ཞིང་ལམ་དེ་ཡང་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཏེ་ཡོདཔ་ཨིན་པས།
ལང་དུར་སྦིས་ཚོགས་པ་ ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ ཟམ་བཟོ་སྐྲུན་གྱི་ གྲུབ་འབྲས་དེ་ལུ་བལྟ་སྟེ་ སེམས་དགའ་སྟེ་ཡོད་ཟེར་ཨིནམ་ད་ ད་ལྟོའི་གནས་སྟངས་ནང་འབད་བ་ཅིན་ སྤྲིང་ཟམ་ཅིག་ཡོད་མིའི་ གུ་ལས་ཕར་ རྟ་ཚུ་བདའ་སྟེ་ འགྲོ་འགྲུལ་འབད་བའི་སྐབས་ དཀའ་ངལ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྲིང་ཟམ་དེ་གི་ ཨེན་ཏ་ཚུ་ཡང་ རུལ་ཡོདཔ་བཞིན་དུ་ འཕྲལ་འཕྲལ་སྦེ་ར་ སོར་དགོཔ་མ་ཚད་ ཨེན་ཏ་ཚུ་ བཅགས་འགྱོ་བའི་སྐབས་ མི་ཚུ་ལུ་ཡང་ གནོད་སྐྱོན་སྦོམ་བྱུང་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

གློག་ཤུགས་ཀྱིས་ ཆུ་མིག་ཐང་གི་ སློབ་ཕྲུག་ཅིག་འཚིགས་ཡོདཔ།

༉ སྐྱེས་ལོ་༡༤ ལང་མི་ ཆུ་མིག་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཅིག་ གློག་མེ་གིས་ ཤུགས་འབད་ར་ འཚིགས་པའི་ཤུལ་ལས་ ད་ལྟོ་ ཕུན་ཚོགས་གླིང་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས། རྐྱེན་ངན་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ …

Leave a Reply

Your email address will not be published. Required fields are marked *