ཟམ་གྱི་བརྡ་དོན་ཚུ་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ བསྡུ་ལེན་འབད་ཚར་ནི།

༉ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ ཇ་པཱན་ཁས་བླངས་མཉམ་འབྲེལ་ལས་ཚོགས་ ཇའི་ཀ་གིས་ ཟམ་བཟོ་སྐྲུན་དང་ཉམས་བཅོས་ལས་འགུལ་ཐོག་ལས་ ཞབས་ཏོག་ལྷན་ཁག་གི་ ལམ་སེལ་ལས་ཁུངས་ལུ་ ཟམ་ལྟ་རྟོག་འབད་ནིའི་ འཕྲུལ་ཆས་༤༡ དང་ སྣུམ་འཁོར་༢ གྲོགས་རམ་སྦེ་ བྱིན་ཡོདཔ་ཨིན་པས།
འཕྲུལ་ཆས་ཀྱི་གྲངས་སུ་ མངོན་གསལ་འཕྲུལ་ཆས་དང་ དོང་སྤེད་འཕྲུལ་ གློག་འཕྲུལ་ རྩི་ས་སྦྱོར་འཕྲུལ་ ཐོཝ་༩ བརྟག་དཔྱད་འཕྲུལ་ཆས་༩ དེ་ལས་ ཇི་པི་ཨེས་༡༠ ཡོདཔ་ཨིན་པས།
ལོ་༣ འབད་མི་ ལས་འགུལ་དེ་ སྤྱི་ལོ་༢༠༡༦ གི་ཟླཝ་༡༠ པ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ ཟམ་༢༧༢ ཁྱབ་ཚུགས་པའི་ཁར་ ལས་འགུལ་ནང་ ཇ་པཱན་ལས་ མཁས་མཆོག་༡༠ ཡོད་མི་ཚུ་གིས་ ཟམ་གྱི་བཟོ་བཀོད་དང་ བཟོ་སྐྲུན་ དེ་ལས་ འཛིན་སྐྱོང་འཐབ་ནི་ཚུ་ སྟོན་བྱིན་དོ་ཡོདཔ་ཨིན་པས།
ཇའི་ཀ་གི་ འཐུས་མི་གོངམ་ ཀོ་ཆི་ ཡ་མ་ད་གིས་ མཉམ་འབྲེལ་གྱི་ ཞལ་འཛོམས་ཐེངས་༣ པའི་སྐབས་ སླབ་མིའི་ནང་ འབྲུག་པའི་བཟོ་རིག་འགོ་དཔོན་ཚུ་ གཞན་ལུ་བརྟེན་སྡོད་མི་དགོ་ནི་དང་ ཁྱད་རིག་ཅན་བཟོ་ནིའི་དོན་ལུ་ ད་རེས་ མཁས་མཆོག་ཚུ་ཡོད་པའི་སྐབས་ ག་དེ་དྲག་དྲག་ ལེགས་ཤོམ་སྦེ་ སྦྱང་བཙོན་འབད་གནང་ཟེར་ཨིན་པས།
ཞལ་འཛོམས་ནང་ ཟམ་བཟོ་སྐྲུན་དང་ ཉམས་བཅོས་ སྤུས་ཚད་ དེ་ལས་ ཉེན་སྲུང་བཀག་འཛིན་གྱི་ ལཱ་གི་གྲུབ་འབྲས་སྐོར་ལས་ སྙན་ཞུ་འབད་ཡོདཔ་ཨིན་པས།
ད་ཚུན་ ལས་འགུལ་དེ་གིས་ ཐིམ་ཕུག་དང་ ལོད་སྦིས་ས་ གསར་སྤང་ གླིང་མི་ཐང་ ཏིང་ཏི་སྦིས་ དེ་ལས་ བསམ་གྲུབ་ལྗོངས་མཁར་གྱི་ ཟམ་༢༠༣ གྱི་བརྡ་དོན་ཚུ་ བསྡུ་ལེན་འབད་ཚར་ཏེ་ཡོདཔ་ད་ ཕུན་ཚོགས་གླིང་དང་ ཀྲོང་གསར་ དེ་ལས་ བཀྲིས་སྒང་གི་ཟམ་༡༥ མཇུག་མ་བསྡུ་བར་ ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ ཟམ་བཟོ་སྐྲུན་སྡེ་ཚན་གྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ རིན་ཆེན་མཁའ་འགྲོ་གིས་ སླབ་མིའི་ནང་ ཟམ་གྱི་བརྡ་དོན་ཚུ་ སྤྱི་ཟླ་༡༢ པའི་ནང་ བསྡུ་ལེན་འབད་ཚར་འོང་ཟེར་ཨིནམ་ད་ བརྡ་དོན་ཚུ་ བསྐྱར་ཞིབ་འབད་དེ་ ཟམ་གྱི་གནས་སྟངས་དང་འཁྲིལ་ཏེ་ མ་དངུལ་ཚུ་ བགོ་བཀྲམ་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
ལས་འགུལ་དེ་གིས་ བཟོ་སྐྲུན་དང་ ཉམས་བཅོས་འབད་ནི་ལུ་ ཟླཝ་འདི་ནང་ལས་ ཝང་ཆུ་ཟམ་དང་ ཀྲོང་གསར་དང་དུང་ཟམ་ བཟོ་སྐྲུན་ཚུ་ནང་ ལཱ་གི་སྦྱོང་བརྡར་ཚུ་ བྱིན་ནི་འགོ་བཙུགས་ཡོདཔ་ད་ ཟམ་ཉམས་བཅོས་ཀྱི་ སྦྱོང་བརྡར་དེ་ སྤྱི་ལོ་༢༠༡༨ ཟླ་༢ པ་ལས་ འགོ་བཙུགས་ནི་ཨིན་པས།
ལས་འགུལ་དེ་གི་ དམིགས་ཡུལ་༥ ཡོད་མི་ཚུ་ཡང་ ཟམ་ཉམས་བཅོས་ཀྱི་ ལག་དེབ་བཟོ་ནི་དང་ ཟམ་ཉམས་བཅོས་འབད་ནི་ ཟམ་བཟོ་སྐྲུན་འབད་བའི་སྐབས་ ཉམས་མྱོང་འཐོབ་ནིའི་དོན་ལུ་ འབྲུག་པའི་བཟོ་རིག་འགོ་དཔོན་ཚུ་ འབྲེལ་གཏོགས་འབད་ནི་ སྤུས་ཚད་དང་ཉེན་སྲུང་ཅན་གྱི་ ཟམ་བཟོ་སྐྲུན་འབད་ནི་ ཟམ་ཉམས་བཅོས་ཀྱི་ལམ་ལུགས་བཟོ་ནི་ དེ་ལས་ ཟམ་བཟོ་སྐྲུན་དང་ འཛིན་སྐྱོང་གི་ རྒྱལ་ཡོངས་སྲིད་བྱུས་བཟོ་ནི་ཚུ་ཨིན་པས།
ལས་ཁུངས་ཀྱི་མདོ་ཆེན་ བསྟན་འཛིན་གྱིས་ སླབ་མིའི་ནང་ ལས་འགུལ་དེ་ ཡུན་བརྟེན་སྦེ་བཞག་ཐབས་ལུ་ སྲིད་བྱུས་དགོཔ་ ཁག་ཆེ་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *