༉ ལྷུན་རྩེ་རྫོང་ཁག་ རྒྱ་རས་རྒེད་འོག་ལུ་ཡོད་པའི་ ཟངས་མཁར་སློབ་གྲྭ་ཆུང་བའི་ནང་སྦེ་ འཆར་སྣང་དང་ གསར་བཏོད་ དེ་ལས་ སེམས་ཤུགས་བསྐྱེད་བཅུག་ནི་ཟེར་བའི་ བརྗོད་དོན་ཐོག་ལུ་ ཤེས་ཡོན་སྦྱང་བརྩོན་གྱི་ ཉིནམ་ཟེར་ འགོ་དང་པ་ བརྩི་སྲུང་འབད་ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་གི་དོན་ལུ་ ཤེས་ཡོན་སྦྱང་བརྩོན་གྱི་ཉིནམ་ཟེར་ བརྩི་སྲུང་འབད་དགོ་མི་དེ་ཡང་ སློབ་གྲྭའི་དབུ་འཛིན་ འཆི་མེད་རིག་འཛིན་གྱིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་གི་ ཤེས་ཡོན་ལྷབ་སྦྱང་འབད་ནི་དང་ རིག་རྩལ་གོང་འཕེལ་གཏང་ཐབས་ལུ་ དུས་སྟོན་བརྩི་སྲུང་ཐོག་ལས་ སྐུལ་མ་འབདཝ་ཨིན་ཟེར་ཨིན་པས།
རང་ལྕོགས་གྲུབ་ཅན་བཟོ་ནི་དང་ སྡེ་ཚན་སྦེ་ འགན་ཁག་འབག་ཚུགསཔ་བཟོ་ནི་ དེ་ལས་ སྤྱི་མི་ཚུ་དང་ འབྲེལ་ བ་འཐབ་ཚུགསཔ་བཟོ་ནི་ལུ་དམིགས་ཏེ་ ལྷུན་རྩེ་རྫོང་ཁག་ནང་ སློབ་གྲྭ་རྙིང་ཤོས་ཅིག་ཨིན་མི་དེ་གིས་ འགོ་དང་པ་ འགོ་འདྲེན་འཐབ་ཨིན་ཟེར་ དབུ་འཛིན་འཆི་མེད་རིན་འཛིན་གྱིས་ སླབ་ཨིན་པས།
ཉིནམ་བརྩི་སྲུང་ལུ་བརྟེན་ སློབ་ཕྲུག་ཚུ་ལུ་ཡོད་པའི་ ཡོན་ཏན་དང་ ལྕོགས་གྲུབ་ རིག་རྩལ་ཚུ་བཏོན་ཏེ་ གསར་ བཏོད་འབད་ནིའི་གོ་སྐབས་དང་ སློབ་གྲྭ་ནང་ ལོ་༡ ཚུན་ ཤེས་ཡོན་སྦྱང་མི་ལས་ཐོབ་མི་ ཡོན་ཏན་དང་ རིག་པ་ ཉམས་མྱོང་ཚུ་ མི་མང་དང་ སློབ་ཕྲུག་ཚུ་གི་བར་ན་ བརྗེ་སོར་འབད་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
དགའ་སྟོན་གྱི་སྐབས་ བློ་གསར་སློབ་རིམ་ལས་ སློབ་རིམ་༦ པ་ཚུན་གྱི་ སློབ་ཕྲུག་རེ་རེ་བཞིན་དུ་གིས་ ཤོག་གུ་ནང་ བྲིས་བཞག་མི་དེ་ དྲི་བ་དྲིས་ལན་ཐོག་དང་ སློབ་ཕྲུག་ཆ་རོགས་དང་ མི་སེར་ཚུ་ལུ་ གོ་བརྡའི་གསལ་བཤད་ཚུ་ འབད་ནུག།
དེ་བཟུམ་སྦེ་ ཤོག་ཁྲམ་ནང་ བཀོད་མི་དོན་ཚན་༡༠༨ ཀྱི་ཐོག་ བཅའ་མར་གཏོགས་མི་ སློབ་ཕྲུག་༣༥༠ གིས་ ཤེས་ཡོན་སྤེལ་ཡོདཔ་བཞིན་དུ་ གཡུས་ཁའི་མི་སེར་སོ་ནམ་པ་དང་ རྒེད་འོག་འགོ་ཁྲིདཔ་ དེ་ལས་ ཞི་གཡོགཔ་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
ཟངས་མཁར་སློབ་གྲྭ་དེ་ སྤྱི་ལོ་༡༩༦༢ ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ རྒེད་འོག་༢ ཀྱི་མི་སེར་ཚུ་ལུ་ ཁེ་ཕན་བྱུང་ཡོདཔ་མ་ཚད་ ད་རེས་ སློབ་གྲྭ་དེ་ལུ་བརྟེན་ སློབ་ཕྲུག་ཚུ་གིས་ གཞུང་དང་ མི་སེར་ལུ་ ཕྱག་ཕྱིད་ ཞབས་ཏོག་ཞུ་དོ་ཡོདཔ་ཨིན་པས།
ད་རེས་ སློབ་གྲྭ་དེ་གིས་ གུང་པ་༡༢༠ གི་ རྒྱ་རས་རྒེད་འོག་དང་ སྨད་མཚོ་རྒེད་འོག་༢ ཀྱི་ མི་སེར་ཚུ་ལུ་ ཁེ་ཕན་བྱུང་དོ་ཡོདཔ་ད་ སློབ་གྲྭ་ནང་ སློབ་དཔོན་༩ དང་ ལས་བྱེདཔ་༡༠ དེ་ཅིག་འདུག།
བློ་གསར་སློབ་རིམ་ལས་ སློབ་རིམ་༦ པ་ཚུན་ སློབ་ཕྲུག་བསྡོམས་༡༢༦ ཡོད་མི་ལས་ སློབ་ཕྲུག་བུཚ་༦༩ དང་ བུམོ་༥༧ ཡོདཔ་ཨིན་པའི་གནས་ཚུལ།
ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།