༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ སྤྱི་ལོ་༢༠༡༨ ལོའི་ སྤྱི་ཟླ་དང་པའི་ནང་ ཟ་ཆས་ཚུ་གི་ གོང་ཚད་ཡར་སེང་དང་མར་འབབ་སྐོར་ལས་ གནས་སྡུད་གསལ་སྟོན་འབད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ལོའི་ སྤྱི་ཟླ་དང་པ་ལས་ སྤྱི་ལོ་༢༠༡༨ ལོའི་ སྤྱི་ཟླ་དང་པའི་བར་ན་ བརྒྱ་ཆ་༢.༩༨ ཡར་སེང་སོང་ཡོདཔ་ཨིན་པས།
གོང་ཚད་ཡར་སེང་འགྱོ་མི་དེ་ཡང་ གཙོ་བོ་ར་ ཟ་ཆས་ཀྱི་གོང་ཚད་ཚུ་ བརྒྱ་ཆ་༦.༧༠ ཡར་སེང་སོང་མི་ལུ་བརྟེན་ཨིནམ་ད་ ཟ་ཆས་མེན་པའི་རིགས་ཀྱི་ གོང་ཚད་དེ་ བརྒྱ་ཆ་༠.༥༨ ཡར་སེང་སོང་ཡོདཔ་ཨིན་པས།
ནང་འཁོད་ཟ་ཆས་དང་ ཞབས་ཏོག་གི་གོང་ཚད་དེ་ བརྒྱ་ཆ་༢.༣༥ ཡར་སེང་སོང་ཡོདཔ་ད་ ཟ་ཆས་རིགས་ཀྱི་གོང་ཚད་དེ་ བརྒྱ་ཆ་༦.༢༥ དང་ ཟ་ཆས་མེན་པའི་རིགས་ཀྱི་གོང་ཚད་དེ་ བརྒྱ་ཆ་༠.༡༣ གྱིས་ ཡར་སེང་སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ནང་འདྲེན་འབད་མི་ ཟ་ཆས་དང་ཞབས་ཏོག་གི་ རིགས་ཚུ་ཡང་ གོང་ཚད་བརྒྱ་ཆ་༣.༥༦ གིས་ ཡར་སེང་སོང་ཡོདཔ་ཨིན་པས།
གོང་ཚད་བརྒྱ་ཆ་དེ་ཡང་ སྤྱི་ཟླ་༡༢ པའི་ གོང་ཚད་དང་ཕྱདཔ་ད་ བརྒྱ་ཆ་༠.༡༨ ཡར་སེང་སོང་ཡོདཔ་ད་ ཟླཝ་དེ་ནང་ ཟ་ཆས་ཀྱི་གོང་ཚད་དེ་ བརྒྱ་ཆ་༠.༢༤ དང་ ཟ་ཆས་མེན་པའི་རིགས་ཀྱི་གོང་ཚད་དེ་ བརྒྱ་ཆ་༠.༡༤ གིས་ ཡར་སེང་སོང་ཡོདཔ་ཨིན་པས།
ཟླཝ་དེ་ནང་ ནང་འཁོད་དང་ ནང་འདྲེན་འབད་མི་ ཞབས་ཏོག་དང་ཟ་ཆས་རིགས་ཀྱི་གོང་ཚད་ བརྒྱ་ཆ་༠.༡༨ ཀྱིས་ ཡར་སེང་སོང་ཡོདཔ་ལས་ དེ་གིས་ ནང་འཁོད་ལས་ཐོན་མི་ ཟ་ཆས་ཚུ་དང་ གོང་ཚད་ལུ་ཡང་ བརྒྱ་ཆ་༠.༤༦ ཡར་སེང་སོང་ཡོདཔ་ད་ ཟ་ཆས་མེན་པའི་རིགས་ལུ་བརྟེན་ ནང་འདྲེན་འབད་མི་ ཅ་ཆས་ཀྱི་གོང་ཚད་༠.༢༧ གྱིས་ ཡར་སེང་སོང་ཡོདཔ་ཨིན་པས།
གོང་ཚད་དེ་ཚུ་ལུ་ གཞི་བཞག་སྟེ་ འབྲུག་པའི་ཏི་རུའི་གནས་གོང་དེ་ཡང་ སྤྱི་ལོ་༢༠༡༨ ལོའི་ སྤྱི་ཟླ་དང་པའི་ནང་འབད་བ་ཅིན་ དངུལ་ཀྲམ་༡༠༠ གི་གནས་གོང་དེ་ དངུལ་ཀྲམ་༧༥ གི་རྩིས་ཨིན་པས།
གནས་སྡུད་དང་འཁྲིལཝ་ད་ འབྲུག་པའི་ཏི་རུའི་གནས་གོང་དེ་ འདས་པའི་ཟླཝ་༡༢ ཀྱི་ནང་འཁོད་ལུ་ བརྒྱ་ཆ་ལུ་ རྩིས་ཕབ་ལྟཝ་ད་ བརྒྱ་ཆ་༢.༨༩ མར་བབས་སོང་ཡོདཔ་ད་ དེ་ཡང་ དཔལ་འབྱོར་གྱི་གནས་སྟངས་དང་འཁྲིལ་ ཅ་ནམ་གྱི་གོང་ཚད་ ཡར་སེང་སོང་མི་ལུ་བརྟེན་ཨིན་པས།
ཟ་ཆས་ཀྱི་གོང་ཚད་དེ་ཡང་ ཁྱིམ་གུང་རེ་གིས་ ཉིན་བསྟར་བཞིན་དུ་ འཚོ་བ་སྐྱོང་ནིའི་དོན་ལུ་ ཟ་སྤྱོད་འབད་བའི་སྐབས་ ལག་ལེན་འཐབ་མི་ འཚོ་བའི་རིགས་ཚུ་ག་ར་ གཅིག་ཁར་བཞག་སྟེ་ གོང་ཚད་ཀྱི་ཁྱད་པར་ལྟ་སྟེ་ བཟོ་དོ་ཡོདཔ་ཨིན་པས།
དེ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ཀྱི་སྐོར་ལས་ ཤེས་ཚུགས་པའི་ཁར་ གནས་སྡུད་དེ་ཚུ་ རྩིས་ལོའི་དོན་ལུ་ ཏི་རུ་དང་འབྲེལ་བའི་ འཆར་གཞི་དང་སྲིད་བྱུས་ཀྱི་རིགས་ཚུ་ བཟོ་ནིའི་དོན་ལུ་ ཕན་ཐོགསཔ་ཨིན་པས།
གནས་སྡུད་དེ་གིས་ ཁྱིམ་གུང་རེ་གིས་ ཟ་ཆས་དང་ཞབས་ཏོག་གི་རིགས་ཚུ་ ག་དེ་སྦེ་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན་ན་ ཤེས་ཚུགས་པའི་ཁར་ རྒྱལ་སྤྱི་གི་དོན་ལུ་འབད་རུང་ ལོ་ལྔའི་ནང་འཁོད་ལུ་ཐེངས་རེ་ གནས་སྡུད་དེ་ཚུ་ལུ་ གཞི་བཞག་སྟེ་ རྒྱབ་སྣོན་འབད་ཚུགས་པའི་གནས་ཚུལ།
བཀྲིས་བསྟན་འཛིན།