ཟ་ཆས་དང་སྐྱེ་ལྡན་ཉེན་སྲུང་གི་ གནས་སྡུད་ལམ་ལུགས་གསརཔ་ འགོ་བཙུགས་ཡོདཔ།

༉ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ འབྲུག་སྐྱེ་ལྡན་ཉེན་སྲུང་དང་ ཟ་ཆས་ཉེན་སྲུང་ལམ་ལུགས་ཟེར་ ཡོངས་འབྲེལ་ ཐོག་གི་ གནས་སྡུད་ལམ་ལུགས་གསརཔ་ཅིག་ འགོ་འབྱེད་འབད་ཡོདཔ་ཨིན་པས།

ལམ་ལུགས་གསརཔ་དེ་ཡང་ བཞེས་སྒོའི་ཉེན་སྲུང་དང་ སྐྱེ་ལྡན་ཉེན་སྲུང་ཞབས་ཏོག་ཚུ་ ཡར་དྲག་གཏང་ཐབས་ལུ་དམིགས་ ཏེ་ཨིནམ་ད་ ཚད་འཛིན་གྱི་ གྲོས་ཐག་གཅད་ནིའི་ནང་ གྲུབ་འབྲས་དང་ལྡན་པའི་ གནས་སྡུད་ཚུ་ གསལ་སྟོན་འབད་ནིའི་དོན་ལུ་ཨིན་པས།

ལམ་ལུགས་དེ་ཡང་ འབྲུག་ཟ་ཆས་དང་ཁྲིམས་དོན་དབང་འཛིན་གྱིས་ ཞབས་ཏོག་ཁག་༡༩ བྱིན་སྲོལ་ཡོད་མི་ནང་ ཨིནམ་ལས་ ནང་འདྲེན་ལྟ་རྟོག་དང་ བཟའ་འཐུང་དང་སོ་ནམ་ དེ་ལས་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ ཕྱིར་ཚོང་འབད་བའི་སྐབས་ ལག་ཁྱེར་སྤྲོད་ནི་དང་ ནང་འཁོད་ཀྱི་ བཟའ་འཐུང་གི་ ཚོང་འབྲེལ་འཐབ་མི་ ལྕངམ་གསོ་སྐྱོང་ཁང་དང་ སྒོ་ནོར་གསོ་སྐྱོང་ཁང་ ཚུ་གི་ བཀག་འཛིན་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།

དེ་བཟུམ་སྦེ་ བཞེས་སྒོ་སྐྱེལ་འདྲངས་འབད་མི་ཚུ་གི་ ཐོ་བཀོད་དང་ཆོག་ཐམ་སྤྲོད་ནི་ དེ་ལས་ ཉོགས་བཤད་བཀོད་མི་དང་ བསམ་འཆར་བཀོད་མི་ཚུ་གི་དོན་ལུ་ཡང་ ལམ་ལུགས་དེ་ ལག་ལེན་འཐབ་ནི་ཨིན་པས།

དབང་འཛིན་གྱི་ ལས་བྱེདཔ་ཚུ་གིས་ ལྟ་རྟོག་ཚུ་ འབད་བའི་སྐབས་ཀྱི་ གནས་སྡུད་ཚུ་ཡང་ བསྡུ་སྒྲིག་འབད་ནིའི་ནང་ཡང་ ལམ་ལུགས་དེ་ ལག་ལེན་འཐབ་འོང་ཟེར་ ལྷན་ཁག་གི་ ཡོངས་འབྲེལ་ནང་བཀོད་ནུག།

ལམ་ལུགས་དེ་གི་ཐོག་ལས་ འབྲུག་ཟ་ཆས་དང་ཁྲིམས་དོན་དབང་འཛིན་གྱིས་ གཙོ་རིམ་སྒྲིག་མི་ བཟའ་འཐུང་གི་རིགས་ཚུ་ ཉེན་སྲུང་གི་ གནས་སྟངས་དང་འཁྲིལ་ ལམ་ལུགས་དེ་ ལག་ལེན་འཐབ་ནིའི་ འཆར་གཞི་ཚུ་ཡང་ བརྩམ་དོ་ཡོདཔ་ཨིན་པས།

ལམ་ལུགས་འགོ་བཙུགས་མི་དེ་གིས་ ཁྲོམ་ཁ་ལས་ཕར་ བཟའ་འཐུང་གི་ཉེན་སྲུང་ཡོདཔ་ བཟོ་ཚུགས་པའི་ཁར་ རང་བཞིན་ སླར་འབྱུང་ཐོན་སྐྱེད་ སྤུས་ཚད་སྐྱོ་བའི་ བཟའ་འཐུང་ཚུ་ ནང་འདྲེན་འབད་ནི་ལས་ ཚད་འཛིན་འབད་ཚུགས་ནི་ཨིནམ་ད་ ལམ་ལུགས་དེ་ ད་རིས་ཀྱི་ ཟླཝ་ནང་ལས་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ དེ་གི་དོན་ལུ་ སྒེར་སྡེ་བརྩིས་ཏེ་ ལག་ལེན་འཐབ་མི་ག་ར་ལུ་ སྦྱོང་བརྡར་བྱིན་ནི་ཨིན་པས།

ལམ་ལུགས་གསརཔ་དང་གཅིག་ཁར་ འབྲུག་ཟ་ཆས་དང་ཁྲིམས་དོན་དབང་འཛིན་གྱིས་ ཀོ་ཌེསི་བློ་གཏད་མ་དངུལ་ཐོག་ལས་ ཞབས་ཏོག་སྤྱོད་མི་ཚུ་གིས་ དུས་ནམ་འབད་རུང་ ག་ཏེ་ལས་འབད་རུང་ བརྡ་དོན་ཚུ་ འཐོབ་ཚུགས་ནིའི་དོན་ལུ་ ཡོངས་འབྲེལ་འཆར་སྒོ་གསརཔ་ཅིག་ཡང་ འགོ་འབྱེད་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *