བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་དང་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ལས་འབྲེལ་ཆིངས་ཡིག་ བརྗེ་སོར་འབད་བའི་བསྒང་།

ཞིང་ལམ་ཀི་ལོ་མི་ཊར་༤༤༠ རྩི་ནག་གཏང་ནི་དང་ ཟམ་༡༣ རྐྱབ་ཚར་ནིའི་ཁས་ལེན།

༉ རྩིས་ལོ་༢༠༡༧-༡༨ ནང་ ཞབས་ཏོག་ལྷན་ཁག་གིས་ རྒེད་འོག་ལྟེ་བའི་ ཞིང་ལམ་ཀི་ལོ་མི་ཊར་༤༤༠ རྩི་ནག་གཏང་ནི་དང་ ཟམ་༢༥ རྐྱབ་ནི་ འགོ་བཙུགས་ཡོད་མི་ཚུ་གི་གྲས་ལས་ ཟམ་༡༣ རྐྱབ་ཚར་ནི་ཟེར་ཨིན་པས།
དེ་གིས་མ་དོ་བར་ ཤར་ནུབ་ཀྱི་ གཞུང་ལམ་རྒྱ་བསྐྱེད་ཀྱི་ ལཱ་ཚུ་ཡང་ མཇུག་བསྡུ་འོང་ཟེར་ སྤྱི་ཟླ་༨ པའི་ཚེས་༧ ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་གཅིག་ཁར་ གཞུང་སྐྱོང་མཆོག་འགྱུར་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ བཤད་ཅི།
ད་རུང་ ཕུན་ཚོགས་གླིང་རིན་ཆེན་སྡིངས་ལུ་ ཞིབ་དཔྱད་སྒོ་ར་བཟོ་སྐྲུན་འབད་བའི་བསྒང་ཡོད་མི་དེ་ བརྒྱ་ཆ་༩༠ དེ་ཅིག་ མཇུག་བསྡུ་ནི་ཨིན་རུང་ བུམ་པ་ཐང་གི་ སྒོ་ར་དེ་ བརྒྱ་ཆ་༥༠ ལས་བརྒལ་ མཇུག་བསྡུ་མི་ཚུགས་ནི་མས་ཟེར་ཨིན་པས།
བློན་པོ་རྡོ་རྗེ་ཆོས་སྒྲོན་གྱིས་འབད་བ་ཅིན་ བློན་ཆེན་དང་གཅིག་ཁར་ ལས་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་དེ་གིས་ གོང་འཕེལ་གྱི་ ལས་སྣ་ཚུ་ལུ་ བརྩོན་ཤུགས་བསྐྱེད་དེ་ མཇུག་བསྡུ་ཚུགས་ནི་ལུ་ ཕན་ཐོགས་སྦོམ་བྱུང་སྟེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ལྷན་ཁག་གི་ཁ་ཐུག་ལས་ དམིགས་གཏད་ཚུ་ བཟོ་བའི་སྐབས་ འདས་པའི་ལོ་༢ ཀྱི་ ཉམས་མྱོང་དང་འཁྲིལ་ཏེ་ རང་གིས་འབད་ཚུགས་མི་ཚུགས་ཚུ་ དབྱེ་བ་ཕྱེཝ་མ་ཚད་ ལོ་ལྔའི་འཆར་གཞི་༡༡ པའི་ དམིགས་གཏད་འགྲུབ་ནིའི་ནང་ ཕན་ཐོགས་ཡོདཔ་སྦེ་ བཟོཝ་ཨིན་ཟེར་ ཞབས་ཏོག་བློན་པོ་གིས་ བཤད་ཅི།
རྩིས་ལོ་༢༠༡༧-༡༨ ནང་ ཞབས་ཏོག་ལྷན་གིས་ གཞུང་ལམ་ཀི་ལོ་མི་ཊར་༦༠ འབད་མི་ཅིག་ ཉམས་བཅོས་འབད་ནི་དང་ ས་གནས་ས་ཁོངས་འཆར་གཞི་༦ གི་ ལཱ་ཚུ་ཡང་ མཇུག་བསྡུ་ཚུགསཔ་ འབད་ནི་ཨིན་པས།
ཞབས་ཏོག་ལྷན་ཁག་ནང་ གོང་འཕེལ་གྱི་ ལས་སྣ་ཚུ་གི་དོན་ལུ་ མ་དངུལ་རྒྱབ་སྐྱོར་མང་ཤོས་ར་ རྒྱ་གར་གཞུང་དང་ འཛམ་གླིང་དངུལ་ཁང་ དེ་ལས་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ཚུ་ཨིན་ཟེར་ བློན་པོ་རྡོ་རྗེ་ཆོས་སྒྲོན་གྱིས་ བཤད་ཅི།
རྩིས་ལོ་འདི་ནང་ མ་དངུལ་ཐེར་འབུམ་༩.༢༢ ཆ་འཇོག་གྲུབ་སྟེ་ ཡོད་མིའི་ནང་ལས་ ལམ་སེལ་ལས་ཁུངས་ལུ་ དངུལ་ཀྲམ་ཐེར་འབུམ་༧.༢ དང་ བཟོ་རིག་ལས་ཁུངས་ལུ་ དངུལ་ཀྲམ་ཐེར་འབུམ་༡.༥ དེ་ལས་ ཞབས་ཏོག་ལས་ཁུངས་ལུ་ ཐེར་འབུམ་༠.༥ སྦེ་ བགོ་བཀྲམ་འབད་དེ་ཡོདཔ་ཨིན་པས།
ལྷན་ཁག་དེ་ནང་ གདོང་ལེན་ཆེ་ཤོས་དེ་ར་ རང་བཞིན་གྱི་རྐྱེན་ངན་ ཆུ་རུད་དང་ ས་རུད་ལ་སོགས་པ་ཚུ་ཨིནམ་ལས་ དེ་གིས་ དམིགས་གཏད་ཚུ་ དུས་ཚོད་ཁར་ འགྲུབ་ནི་ལས་ བཀག་ཆ་འབདཝ་མས་ཟེར་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *