༉ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དྲུང་ཁག་ པདྨ་ཐང་རྒེད་འོག་ནང་ ཞིང་ཆུ་ལྷོད་པའི་ཁར་ དུས་ཚོད་ཁར་ ཆརཔ་རྐྱབ་མི་དེ་གིས་ འབྱ་འཛུགས་སྐྱོང་འབད་ནི་ལུ་ ཕན་ཐོགས་བྱུང་ཡོད་རུང་ ཞིང་རྨོ་འཕྲུལ་ པ་ཝར་ཊི་ལར་གྱི་ ཡན་ལག་ཅ་ཆས་ཚུ་ ཐོབ་མ་ཚུགས་པའི་ དཀའ་ངལ་འདུག།
རྒེད་འོག་དེ་ནང་ སྤྱི་ཟླ་༦ པ་ལས་འགོ་བཙུགས་༩ པ་ཚུན་ འབྱ་འཛུགས་སྐྱོང་འབད་ནིའི་ དུས་ཚོད་ཨིནམ་ད་ ན་ཧིང་ཚུན་ ཞིང་ཆུའི་དཀའ་ངལ་ཐོན་ཡོད་རུང་ དུས་ཅི་ལས་ ཞིང་ཆུ་ཐོབ་མི་ལུ་བརྟེན་ དཀའ་ངལ་དེ་ སེལ་ཚུགས་ཅི་ཟེར་ པདྨ་ཐང་ལས་ སྐྱེས་ལོ་༣༢ ལང་མི་ སེངྒེ་རྡོ་རྗེ་གིས་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དཀའ་ངལ་སྦོམ་ཤོས་ར་ པ་ཝར་ཊི་ལར་ ལངམ་མེད་མི་དེ་ཨིནམ་ད་ ཁོ་ལུ་ཡང་ པ་ཝར་ཊི་ལར་ཅིག་ཡོད་རུང་ ཡན་ལག་ཅ་ཆས་ཚུ་ མ་ཐོབ་མི་ལུ་བརྟེན་ ལག་ལེན་འཐབ་མ་ཚུགས་པར་ ལོ་༡ ལྷགཔ་ཅིག་ ལང་སོ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཀྲིས་སྒང་འཁང་མ་ལུ་ཡོད་མི་ སོ་ནམ་འཕྲུལ་ཆས་ལྟེ་བའི་ནང་ ཡན་ལག་ཅ་ཆས་མཁོ་མངགས་འབད་དེ་ ལོ་ལྷག་སོ་རུང་ ལྷོད་ནི་མེདཔ་ལས་ འགྲུལ་འཕྲིན་བཏང་པའི་སྐབས་ འཁང་མ་ལུ་ འོང་དགོཔ་སྦེ་ སླབ་དེས་ཟེར་ཨིནམ་ད་ ལམ་ཐག་རིང་བའི་ཁར་ སོ་ནམ་པ་ཅིག་འབདཝ་ལས་ ཟད་འགྲོ་བཏང་མ་ཚུགས་མི་ལུ་བརྟེན་ ཅ་ཆས་ལེན་པར་ འགྱོ་མ་ཚུགས་ཟེར་ཨིན་ སླབ་ཨིན་པས།
སོ་ནམ་པ་གཞན་ སེངྒེ་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་གི་ པ་ཝར་ཊི་ལར་གྱིས་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་བྱུང་ཡོད་རུང་ ཁོང་གི་ གོ་སྐབས་ལྷོད་ནིའི་དོན་ལུ་ སྒུག་སྡོད་དགོཔ་མ་ཚད་ ས་སྣུམ་གསོག་འཇོག་འབད་དེ་མེདཔ་ལས་ དཀའ་ངལ་སྦོམ་ཡོད་ཟེར་ཨིནམ་ད་ རྒེད་འོག་གིས་ པ་ཝར་ཊི་ལར་གྱི་དོན་ལུ་ ས་སྣུམ་གསོག་འཇོག་འབད་དེ་ བཞག་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ཧེ་མར་ པདྨ་ཐང་རྒེད་འོག་ནང་ ཁམ་སྟོད་དེ་ ཡོངས་གྲགས་སྦེ་ འཛུགས་སྐྱོང་འབད་ཡོད་རུང་ ད་རེས་ནངས་པར་ སོ་ནམ་པ་མང་ཤོས་ཀྱིས་ར་ ཨེ་པི་དང་ མ་སི་ན་འཛུགས་སྐྱོང་འབད་དོ་ཡོདཔ་ད་ ཁྲོམ་ཁར་ ཁམ་སྟོད་མཁོ་མངགས་འབད་མི་ ལེ་ཤ་ཡོད་རུང་ སོ་ནམ་པ་ཚུ་ལུ་ ཨེ་པི་དང་ མ་སི་ན་དེ་ ལེགས་ཤོམ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ པ་ཝར་ཊི་ལར་གྱི་ ཡན་ལག་ཅ་ཆས་ཚུ་ འཐོབ་ཚུགས་པ་ཅིན་ འབྱ་འཛུགས་སྐྱོང་གི་ དུས་ཚོད་སྐབས་ པ་ཝར་ཊི་ལར་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༦༠,༠༠༠ དང་༧༠,༠༠༠ དེ་རེ་ བཟོ་ཚུགས་ཟེར་ཨིནམ་ད་ དུས་ཚོད་དེ་ རྫོགས་ཞིནམ་ལས་ ལཱ་མེད་པར་ བཞག་དོ་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དྲུང་ཁག་ནང་ པ་ཝར་ཊི་ལར་གྱི་ ཅ་ཆས་ཚོང་ཁང་ཅིག་ གཞི་བཙུགས་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༤༠ ལང་མི་ དིལ་མ་ཡ་གིས་ སླབ་མིའི་ནང་ པ་ཝར་ཊི་ལར་འཐོབ་ནི་ལུ་ དཀའ་ངལ་ཡོདཔ་ལས་ གླང་ཚུ་ལག་ལེན་འཐབ་སྟེ་ ཞིང་རྨོ་ནི་དེ་ར་ གདམ་ཁ་རྐྱབ་དོ་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ལས་མི་མ་ཐོབ་པའི་ དཀའ་ངལ་མེད་རུང་ ཨམ་སྲུ་ཚུ་ལུ་ ཉིན་བསྟར་གླ་ཆ་དངུལ་ཀྲམ་༢༥༠ དང་ ཕོ་སྐྱེས་ཚུ་ལུ་ དངུལ་ཀྲམ་༥༠༠ རེ་ སྤྲོད་དགོ་པས་ཟེར་ཨིན་པས།
དེ་འབདཝ་ལས་ འཕྲལ་འཕྲལ་སྐབས་ མོ་གི་ ལཱ་འབད་བར་ འོང་མི་ཚུ་ལུ་ ལོག་ལཱ་འབད་བར་ འགྱོ་ནི་ཡོདཔ་བཞིན་དུ་ མོ་རའི་ ཆུ་ཞིང་ནང་མ་ཚད་པར་ བགོ་བཤའི་ཐོག་ལས་ གཞན་གྱི་ཆུ་ཞིང་ནང་ཡང་ འཛུགས་སྐྱོང་འབད་དོ་ཡོདཔ་ལས་ ཞིང་གི་ཇོ་བདག་ལུ་ ཕད་ཙེ་༡༦ བྱིན་པའི་ ལྷག་ལུས་དེ་ མོ་ར་ བཞག་དོ་ཟེར་ དིལ་མ་ཡ་གིས་ བཤདཔ་ཨིན་པས།
བཀྲིས་སྒང་བཀང་ལུང་ འཇམ་དཔལ་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་སློབ་ཕྲུག་ བཀྲིས་དབང་མོ་གིས་ སླབ་མིའི་ནང་ ཧེ་མར་ ཕམ་༢ ལུ་ རྒྱབ་སྐྱོར་འབད་དགོ་མནོ་རུང་ ངལ་གསོ་ལེ་ཤ་མེདཔ་ལས་ འབད་མ་ཚུགས་རུང་ དུས་ཅི་ལས་ ངལ་གསོ་ཟླཝ་༡ ཐོབ་མི་ལུ་བརྟེན་ རྒྱབ་སྐྱོར་འབད་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཕམ་༢ ལུ་ རྒྱབ་སྐྱོར་འབད་བའི་སྐབས་ ཨ་ལོ་ཚུ་གི་དོན་ལུ་ ཕམ་ཚུ་གཡུས་ཁར་ ག་དེམ་ཅིག་ དཀའཝ་སྤྱདཔ་ཨིན་ན་ ཧ་གོ་ཡོདཔ་བཞིན་དུ་ ན་གཞོན་ཚུ་གིས་ ཆ་རོགས་ཚུ་དང་གཅིག་ཁར་ བཤལ་སྡོད་ནི་མེན་པར་ ཕམ་ཚུ་ལུ་ རྒྱབ་སྐྱོར་དང་ གུས་ཞབས་འབད་ནི་དེ་ ཁག་ཆེ་ཟེར་ཨིན་པས།
པདྨ་ཐང་རྒེད་འོག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ པ་ཝར་ཊི་ལར་དེ་ ཚར་༢ དེ་ཅིག་ ལག་ལེན་འཐབ་པའི་ཤུལ་ལུ་ མེདཔ་ཐལ་དོ་ཡོདཔ་ལས་ ཉམས་བཅོས་འབད་ནིའི་ དཔའ་བཅམ་རུང་ ཅ་ཆས་ཐོབ་མ་ཚུགས་མི་ལུ་བརྟེན་ ཉམས་བཅོས་འབད་མི་ཚུགས་པས་ཟེར་ཨིན་པའི་གནས་ཚུལ།
པདྨ་ཐང་ལས་ སྐལ་བཟང་དབང་ཕྱུག།