སོ་ནམ་རྒྱ་བསྐྱེད་འགོ་དཔོན་གྱིས་ སོ་ནམ་པ་ཚུ་ལུ་ སྦྱོང་བརྡར་བྱིན་པའི་བསྒང་།

ཞིང་ཆུ་ལག་ལེན་འཐབ་མི་ སོ་ནམ་པ་ཚུ་གི་དོན་ལུ་ ཆུའི་སྡེ་ཚན་བཟོ་ཡོདཔ།

༉ མོང་སྒར་དགྲ་མེད་རྩེ་རྒེད་འོག་ སེར་ཁག་པོ་ ཝེང་མཁར་ཤིང་སྤྱི་འོག་གི་ མི་སེར་ཚུ་ལུ་ ཆུ་ཞིང་ཨེ་ཀར་བརྒྱ་ལས་བཅད་དེ་ཡོད་རུང་ ཞིང་ཆུ་ལངམ་སྦེ་མེད་པའི་ དཀའ་ངལ་ལུ་བརྟེན་ བཟའ་སྤྱོད་འབད་མ་ཚུགསཔ་ལས་ སྟོངམ་སྦེ་བཞག་མི་ ཡར་འཕར་འགྱོ་དོ་ཡོདཔ་ཨིན་པས།

ཆུ་ཞིང་ཚུ་ བཟའ་སྤྱོད་འབད་ཚུགས་ནི་དང་ གནམ་བྱཱར་དགུན་མེད་པར་ ལོ་ཐོག་དང་ ཚོད་བསྲེ་ཚུ་ འཛུགས་སྐྱོང་འབད་ཐབས་ལུ་ འཕྲལ་ཁམས་ཅིག་ཁར་ སྤྱི་འོག་གི་སོ་ནམ་པ་༥༠ ལྷགཔ་ཅིག་ལུ་ དགྲ་མེད་རྩེ་རྒེད་འོག་གི་ ཞལ་འཛོམས་ཁང་ནང་སྦེ་ སོ་ནམ་རྒྱ་བསྐྱེད་འགོ་དཔོན་གྱིས་ ཉིན་གྲངས་༢ ཀྱི་རིང་ སྦྱོང་བརྡར་བྱིན་ཡི།
སོ་ནམ་རྒྱ་བསྐྱེད་འགོ་དཔོན་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ ཚོང་དོན་སོ་ནམ་དང་ འཚོ་ཐབས་ཡར་སེང་ལས་རིམ་གྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ སོ་ནམ་པ་༥༠ ལྷགཔ་ཅིག་ལུ་ ཆུའི་དཀའ་ངལ་སེལ་ཐབས་ལུ་ ཉིན་གྲངས་༢ ཀྱི་རིང་ ཆུ་འཛིན་སྐྱོང་འཐབ་ཐངས་ཀྱི་ གནས་སྐབས་དང་ རིག་རྩལ་ དེ་ལས་ ཉམས་བཅོས་འབད་ཐངས་སྐོར་ལས་ གོ་བརྡ་སྤྲོད་ཅི་ཟེར་ཨིན་པས།
ཆུ་ཞིང་ཡོད་མི་ སོ་ནམ་པ་རེ་ལུ་ ཆུ་འཛིན་སྐྱོང་དང་ བདག་འཛིན་གྱི་འགན་འཁྲི་ཡོདཔ་ལས་ ཆུའི་ཚོགས་པ་ཟེར་ སོ་ནམ་པ་ཚུ་གི་ ནང་འཁོད་ལུ་ གཞི་བཙུགས་འབད་ཡི་ཟེར་ སོ་ནམ་འགོ་དཔོན་ རྡོ་རྗེ་ཚེ་རིང་གིས་ སླབ་ཨིན་པས།
སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་མི་ ཨྱོན་སྒྲོལ་མ་གིས་ སླབ་མིའི་ནང་ གླང་དོ་༡ འབད་མི་ ཆུ་ཞིང་དེ་ཡང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགསཔ་ལས་ བཟའ་སྤྱོད་འབད་མ་ཚུགས་པར་ ལུས་མི་དེ་ ད་ལས་ཕར་ བཟའ་སྤྱོད་འབད་ཚུགས་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༣༡ ལང་མི་ ཨྱོན་སྒྲོལ་མ་གིས་ ཆུ་གཡུར་དེ་ ཧེ་མ་ལས་ སེལ་ཡོད་རུང་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ ས་རུད་ཆད་མི་གིས་ འཕྱགས་བདའ་མི་ལུ་བརྟེན་ གཞུང་གི་ཁོངས་ལས་ ཐབས་ཤེས་བཏོན་ཏེ་ ཉམས་བཅོས་འབད་རུང་ ཁེ་ཕན་འབྱུང་མ་ཚུགས་པར་ཡོད་ཟེར་ཨིན་པས།
ཨ་ལོ་༢ ཀྱི་ཨའི་ ཚེ་རིང་སྒྲོལ་མ་གིས་ སླབ་མིའི་ནང་ ཆུ་གཡུར་དུམ་གྲ་ཅིག་ཆད་པའི་ཁར་ ལམ་བསུབས་ཡོད་རུང་ སྤྱིར་བཏང་མི་སེར་གྱི་ ཁེ་ཕན་མ་བལྟ་བར་ བདག་མེད་སྦེ་བཞག་མི་དེ་ ད་ལྟོ་ཚུན་ གཞུང་གི་ཁོངས་ལས་ གོ་བརྡའི་ལས་རིམ་དང་ སྦྱོང་བརྡར་ཚུ་ མ་གནང་མི་ལུ་བརྟེན་ཨིནམ་སྦེ་ ཧ་གོ་ཡི་ཟེར་ཨིན་པས།
སེར་ཁག་པོ་ ཝེང་མཁར་ཤིང་སྤྱི་འོག་གི་ཚོགས་པ་ ཀུན་བཟང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ སྤྱི་འོག་ནང་ གུང་པ་༡༢༠ ལྷགཔ་ཅིག་ཡོད་རུང་ ཆུ་ཞིང་ཡོད་མི་དེ་ གུང་པ་༦༠ དེ་ཅིག་ལས་བརྒལ་མེད་པའི་ཁར་ ཆུ་ཞིང་ཡང་ གླང་དོ་༡ དང་༢ མ་གཏོགས་མིན་འདུག་ཟེར་ཨིན་པས།
བར་ཟོར་དང་ ལེགས་ཤིང་ཟོར་གཡུས་ཚན་༢ ཀྱི་ ཆུ་ཞིང་དོན་ལུ་ ཀི་ལོ་མི་ཊར་༤ ལྷགཔ་ཅིག་འབད་མི་ རོང་ཆུ་འཐོན་ས་ལས་ ཆུ་གཡུར་སེལ་མི་དེ་ཡང་ ལོ་བསྟར་བཞིན་དུ་ ས་རུད་ཆད་མི་དེ་གིས་ འཕྱགས་བདའཝ་ལས་ ལྕང་ལཱ་རྐྱབ་མ་ཚུགས་པར་ སྟོངམ་སྦེ་བཞག་ནི་དེ་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ ཆུའི་སྡེ་ཚན་ གཞི་བཙུགས་འབད་མི་དེ་གིས་ ཆུ་གཡུར་ཉམས་བཅོས་འབད་ནི་དང་ གསརཔ་བཏོན་ནིའི་དོན་ལུ་ ལོ་བསྟར་བཞིན་དུ་ སྡེ་ཚན་གྱི་འཐུས་མི་རེ་གིས་ མ་དངུལ་གསོག་འཇོག་འབད་དགོ་ནི་ཨིན་པས།
རྒེད་འོག་སོ་ནམ་འགོ་དཔོན་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ ཆུ་ཡོད་མི་དེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ ཆུའི་ཚོགས་པ་གཞི་བཙུགས་འབད་བའི་ཁར་ ཆུའི་སྡེ་ཚན་ལུ་བརྟེན་ གནམ་དགུན་ ཚོད་བསྲེ་འཛུགས་སྐྱོང་འབད་དེ་ སོ་ནམ་པ་ཚུ་གི་ འོང་འབབ་ཡར་སེང་གཏང་ནིའི་ དམིགས་ཡུལ་ཨིན་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *