༉ རྒྱལ་ཁབ་ཀྱི་ རྫོང་ཁག་༡༩ ནང་ ཆུ་ཞིང་སྟོངམ་ལུས་མི་དེ་ ལྕང་ལཱ་རྐྱབ་ཚུགས་པ་ཅིན་ ལོ་བསྟར་བཞིན་དུ་ རེད་ཐེབས་མེ་ཊིག་ཊཱན་༡༠,༣༢༣.༣༡༥ ཐོན་སྐྱེད་འབད་ཚུགས་ནི་ཨིནམ་ད་ མེ་ཊིག་ཊཱན་རེ་ལུ་ ལྗིད་ཚད་ཀེ་ཇི་༡,༠༠༠ ཨིན་པས།
དེ་ཡང་ སོ་ནམ་ལྷན་ཁག་གི་ སོ་ནམ་གནས་སྡུད་༢༠༡༥ དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༥ ཚུན་ རྒྱལ་ཁབ་ནང་ ཆུ་ཞིང་སྟོངམ་ ཨེ་ཀར་༦,༣༤༥ ལུས་ཡོདཔ་བཞིན་དུ་ གལ་སྲིད་ རེད་མེ་ཊིག་ཊཱན་༡༠,༣༢༣,༣༡༥ ཐོན་སྐྱེད་འབད་ཚུགས་པ་ཅིན་ ཆུམ་མེ་ཊིག་ཊཱན་༦,༡༩༣.༩༨༩ དེ་ཅིག་ ཐོན་སྐྱེད་འབད་ཚུགས་ནི་ཨིན་པས།
དེང་སང་གི་ འཕྲུལ་རིག་ཐོག་ལས་ འཐགམ་བརྡུང་པའི་སྐབས་ རེད་ཀེ་ཇི་༡༠༠ ལས་ ཆུམ་ཀེ་ཇི་༦༠ དེ་ཅིག་ཐོན་མི་ལས་ རྩིས་ཕབ་དོ་ཡོདཔ་ད་ ཆུ་ཞིང་ཨེ་ཀར་༡ ལས་ རེད་ཀེ་ཇི་༡,༦༢༧ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ ཆུ་ཞིང་སྟོངམ་ལུས་ནི་དེ་གིས་ རྒྱལ་ཁབ་ཀྱི་ མི་རློབས་༧༠༠,༠༠༠ ལྷགཔ་ཅིག་ལས་ སོ་ནམ་ལཱ་ལུ་བརྟེན་སྡོད་མི་ བརྒྱ་ཆ་༨༠ དེ་ཅིག་ལས་ བརྒྱ་ཆ་༡༨ ལྷགཔ་ཅིག་ལུ་ བཟའ་འཐུང་མ་ལང་པའི་ དཀའ་ངལ་སྦོམ་ཐོན་ནུག།
ཆུ་ཞིང་སྟོངམ་ལུས་མིའི་རྒྱུ་རྐྱེན།
འབྲེལ་ཡོད་ལས་སྡེ་ཚུ་གིས་ སླབ་མིའི་ནང་ ཆུ་ཞིང་སྟོངམ་ལུས་མིའི་ རྒྱུ་རྐྱེན་ངོ་མ་ར་ འཛམ་གླིང་ཚ་དྲོད་ ཡར་སེང་སོང་མི་ལུ་བརྟེན་ ཞིང་ཆུ་ཚུ་ བསྐམསའགྱོཝ་མས་ཟེར་ཨིནམ་མ་ཚད་ སོ་ནམ་པ་ཚུ་གིས་འབད་རུང་ ཞིང་ཆུའི་རྐ་མང་ཤོས་ཅིག་ སྐམ་འགྱོ་དོ་ཡོད་མི་དེ་ ཚ་དྲོད་ཡར་འཕར་ལུ་ ཁ་ཉེས་བཀལཝ་ཨིན་པས།
བཀྲིས་སྒང་བཀང་ལུང་རྒེད་འོག་ལས་ སོ་ནམ་པ་ཅིག་གིས་ སླབ་མིའི་ནང་ འདས་པའི་ལོ་དག་པ་ཅིག་གི་རིང་ ཡེ་ཆི་ལོ་གྲང་གི་ རོང་ཆུ་དེ་ ཞིང་ཆུ་སྦེ་ ལག་ལེན་འཐབ་ཡོད་རུང་ ད་རེས་ བསྐམས་སོཔ་ལས་ ལྕང་ལཱའི་དོན་ལུ་ རོང་ཆུ་གཞན་ཅིག་ ལག་ལེན་འཐབ་དོ་ཟེར་ཨིནམ་ད་ གལ་སྲིད་ རོང་ཆུ་དེ་ཡང་ སྐམ་འགྱོ་བ་ཅིན་ ལྕང་ལཱ་རྐྱབ་མ་ཚུགས་པའི་ དཀའ་ངལ་འཐོན་ནི་མས་ཟེར་ བཤདཔ་ཨིན་པས།
ཞིང་ཆུ་བསྐམས་མིའི་ རྒྱུ་རྐྱེན་ཅིག་ རྒྱལ་ཁབ་ནང་ གོང་འཕེལ་ལཱ་འབད་ནི་དེ་གིས་ཨིནམ་ད་ དེ་ཡང་ ཆུ་ཞིང་ཨེ་ཀར་༧༠༠ དེ་ཅིག་ གཞི་རྟེན་མཁོ་ཆས་ འཁོར་ལམ་དང་ཟམ་ དེ་ལས་ སྒྲིང་ཁྱིམ་ལ་སོགས་པ་ཚུ་ རྐྱབ་མི་ལུ་བརྟེན་ མེདཔ་སོང་ཡོདཔ་མ་ཚད་ ཨེ་ཀར་༣༢༣ དེ་ཅིག་ ཆུ་ཞིང་དེ་ སྐམ་ཞིང་དང་ ཁྱིམ་ས་ཚུ་ལུ་ བསྒྱུར་བཅོས་འབད་ནི་དེ་གིས་ མེདཔ་བཏང་ནུག།
དཔེ་འབད་བ་ཅིན་ དབང་འདུས་ཕོ་བྲང་ བ་འཇོ་ཁྲོམ་བཟུམ་སྦེ་ སློབ་གྲྭ་དང་ སྤེལ་ཁང་ཚུ་ཡང་ ཆུ་ཞིང་ནང་ཆགས་ནི་དེ་གིས་ ཆུ་ཞིང་ཨེ་ཀར་ལས་བཅད་དེ་ མེདཔ་སོང་ཡོདཔ་མ་ཚད་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོད་སྐྱོན་རྐྱབ་མི་དང་ གཡུས་མི་ཁྲོམ་ཁར་ གནས་སྤོ་འོང་མི་ལུ་བརྟེན་ ཆུ་ཞིང་ཚུ་ བཟའ་སྤྱོད་འབད་མ་ཚུགས་པར་ སྟོངམ་ལུས་ཡོདཔ་ཨིན་པས།
ཆུམ་རང་ལྡང་བཟོ་ནི་ལུ་དཀའ་ངལ།
རྒྱལ་ཁབ་ཀྱི་ སའི་ཁྱབ་ཚད་ ཀི་ལོ་མི་ཊར་གྲུ་བཞི་༣༨,༣༩༤ ཡོད་ས་ལས་ ནགས་ཚལ་གྱི་འོག་ལུ་ བརྒྱ་ཆ་༧༡ དང་ སྲུང་སྐྱོབ་ས་ཁོངས་བརྒྱ་ཆ་༥༡.༤ ཡོདཔ་ལས་ ལོ་ཐོག་བཏབ་བཏུབ་པའི་ ས་ཆ་བརྒྱ་ཆ་༧.༨ ལས་བརྒལ་མེདཔ་ཨིན་པས།
སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་འབད་བ་ཅིན་ ཆུམ་གྱི་ཐད་ལས་ རང་མགོ་རང་འདྲོངས་ གནས་དགོ་པ་ཅིན་ ཆུ་ཞིང་ཨེ་ཀར་༡༦༠,༠༠༠ དགོཔ་ཨིན་རུང་ ད་རེས་ ཐོ་བཀོད་འབད་མི་ ཆུ་ཞིང་ཨེ་ཀར་༨༠,༠༠༠ ལས་བརྒལ་མེད་མི་ལས་ཡང་ བཟའ་སྤྱོད་འབད་མི་ ཨེ་ཀར་༤༩,༣༢༥ རྐྱངམ་གཅིག་ཨིན་ཟེར་ཨིན་པས།
སོ་ནམ་བློན་པོ་གིས་ གསུངས་མིའི་ནང་ ནང་འཁོད་ལས་ཐོན་སྐྱེད་འབད་མི་ ཆུམ་གྱིས་ འབྲུག་མི་ཚུ་ལུ་ ལང་མི་ཚུགས་ནི་ཨིནམ་ལས་ རན་ལྡང་གི་ དམིགས་ཡུལ་འགྲུབ་ཚུགས་པའི་ འོས་འབབ་མིན་འདུག་ཟེར་ཨིན་པས།
ཨིན་རུང་ ཆུམ་གྱི་རིགས་ ལེགས་བཅོས་འབད་དེ་ སོན་གོང་འཕེལ་གཏང་ནི་དང་ ཞིང་ཆུ་ཉམས་བཅོས་འབད་ནི་ དེ་ལས་ ཆུ་ཞིང་སྟོངམ་ལུས་མི་ཚུ་ ལོག་ལཱ་འབད་བཅུག་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་སྟེ་ ཆུམ་གྱི་ཐོན་སྐྱེད་ ཡར་སེང་འབད་ཐོག་ལས་ ཆུམ་ནང་འདྲེན་ མར་ཕབ་འབད་ནི་ལུ་ ཤུགས་བཏོན་དོ་ཟེར་ཨིན་པས།
ཆུམ་ནང་འདྲེན།
བསྟན་རྒྱས་ལྷན་ཁག་གི་ ཚོང་འབྲེལ་སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༦ ལུ་ ཆུམ་ནང་འདྲེན་འབད་མི་དེ་གིས་ ཟད་འགྲོ་དངུལ་ཀྲམ་ ཐེར་འབུམ་༡.༩ བཏང་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་འབད་བ་ཅིན་ ཆུམ་མེ་ཊིག་ཊཱན་༨༣,༦༤༦.༠༨༣ ནང་འདྲེན་འབད་མི་ལུ་ དངུལ་ཀྲམ་ཐེར་འབུམ་༡.༦ ཟད་འགྲོ་བཏང་ནུག།
འདས་པའི་ལོ་༥ གི་ ནང་འཁོད་ནང་ ཆུམ་ནང་འདྲེན་གྱི་ ཚད་གཞི་དེ་ ལེ་ཤ་གིས་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༠ ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༨༤༧.༠༥༩ བཏང་མི་དེ་ སྤྱི་ལོ་༢༠༡༡ ལུ་ ས་ཡ་༨༥༡.༩༢༣ ལུ་ ཡར་སེང་སོང་ནུག།
དེ་ལས་ སྤྱི་ལོ་༢༠༡༢ ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༡.༢ བཏང་མི་དེ་༢༠༡༣ ལུ་ དངུལ་ཀྲམ་ཐེར་འབུམ་༡.༥ ལུ་ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༡༤ ལུ་འབད་བ་ཅིན་ ཆུམ་ནང་འདྲེན་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡.༧ ཟད་འགྲོ་ བཏང་ཡོད་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།