ཞི་བདེ་འབྱུང་དགོ་པ་ཅིན་ དགོ་འདོད་བསྐྱེད་ནི་ ཚད་འཛིན་འབད་དགོཔ།

༉ རང་ལུ་ཞི་བདེ་འབྱུང་དགོ་པ་ཅིན་ དགོ་འདོད་བསྐྱེད་ནི་དེ་ ག་དེ་དྲག་དྲག་ ཚད་འཛིན་འབད་དགོཔ་ད་ དེ་ཡང་ སྡུག་བསྔལ་གྱི་རྒྱུ་ ལེ་ཤ་ཡོད་པའི་གྲས་ལས་ གཅིག་ འདོད་ཆགས་ཨིན་པས།
དེའི་སྐོར་ལས་ ཐིམ་ཕུག་ ན་གཞོན་གོང་འཕེལ་མ་དངུལ་ནང་སྦེ་ ཉིནམ་དག་པ་ཅིག་གི་ཧེ་མར་འཚོགས་མི་ ཞི་བདེ་དང་འབྲེལ་བའི་ ལས་རིམ་ནང་ གྲོས་བསྟུན་དང་ གསལ་བཤད་ཐོག་ལས་ གོ་བ་བརྡ་སྤྲོད་འབད་ཡོདཔ་ད་ ཞི་བདེ་དེ་ མི་ཚེ་ནང་ ཁག་ཆེ་མི་དེ་ཡང་ དེ་ལུ་བརྟེན་ རང་གི་སེམས་སྒྲིང་སྒྲི་སྦེ་ གནས་ཚུགསཔ་མ་ཚད་ ཆགས་སྡང་ལ་སོགས་པའི་ ཉོན་མོངས་པ་ཚུ་ཡང་ མར་ཕབ་འབད་ཚུགས་ནི་ཨིན་པས།
ཞི་བདེ་གི་རྒྱུ་གཞན་ཡང་ ཚད་མེད་བཞིའི་ནང་གསེས་ དགའ་བ་དང་ བྱམས་པ་ བརྩེ་གདུང་ དེ་ལས་ སྙིང་རྗེ་ལ་སོགས་ཚུ་ཨིནམ་ལས་ ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ལུ་ ཚད་མེད་བཞི་ ངོ་མ་སྦེ་ ལག་ལེན་འཐབ་ནི་དང་ དེའི་གོམས་འདྲིས་ཚུད་ཐངས་ཀྱི་སྐོར་ལས་ བཤད་བྱིན་ཡི།
ཁ་ཙ་ ཉིནམ་དང་པའི་ནང་ རྒྱ་གར་ ཀཱན་པུར་ལས་ རང་སེམས་ཞི་བདེ་ལུ་ གནས་ཐབས་ཀྱི་སྐོར་ལས་ ལོ་མང་རབས་ཅིག་ ཞིབ་འཚོལ་འབད་མི་ གཱ་ནེཤ་ བ་ག་རཱའི་གིས་ སླབ་མིའི་ནང་ ཞི་བདེ་དགོ་པ་ཅིན་ ཧེ་མ་ར་ འགྲོ་བ་མི་གི་སེམས་ཁར་ དགོ་འདོད་ཡོད་མི་ཚུ་ ངོས་འཛིན་འབད་དགོ་ཟེར་ཨིནམ་ད་ དེའི་ཤུལ་ལས་ དགོ་འདོད་བསྐྱེད་མིའི་ རེ་འདོད་འགྲུབ་ནིའི་དོན་ལུ་ ཐབས་ལམ་ག་ཅི་འབད་བ་ཅིན་ དྲག་ནི་ཨིན་ན་ ཤེས་དགོ་ཟེར་ཨིན་པས།
དགོ་འདོད་བསྐྱེད་མི་དེ་ རྒྱུ་ནོར་དང་ལྡནམ་སྦེ་ སྡོད་ནི་དང་ མི་ཚེ་སྐྱིད་ཏོང་ཏོ་སྦེ་ སྐྱོང་ནིའི་དོན་ལུ་ཨིན་རུང་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་བ་ཅིན་ དེ་ཚུ་ གནས་སྐབས་ཀྱི་ཞི་བདེ་ཨིནམ་ད་ ཕུགས་ཀྱི་ཞི་བདེ་དགོ་པ་ཅིན་ དགོ་འདོད་ཀྱི་སེམས་དེ་ ག་དེ་དྲག་དྲག་ ཚད་འཛིན་འབད་དགོ་ཟེར་ཨིན་པས།
ཁོ་གིས་ གསལ་བཤད་འབད་མིའི་ནང་ ནང་པའི་ལྟ་བ་དེ་ ཆོས་ཀྱི་སྙིང་པོ་ བདག་ཏུ་འཛིན་མི་དང་ མི་སྦེ་སླབ་པའི་སྐབས་ མི་དེ་ ཤ་ཁྲག་གི་ཕུང་པོ་ཨིན་ན་ ཡང་ཅིན་ དེ་ལས་ལྷག་སྟེ་ཨིན་ནའི་སྐོར་ལས་ བཅའ་མར་གཏོགས་མི་ཚུ་ལུ་ དྲི་བ་བཀོད་པའི་སྐབས་ ལ་ལོ་ཅིག་གིས་ མི་ལུས་དེ་ ཤ་ཁྲག་གི་ཕུང་པོ་རྐྱངམ་གཅིག་མེན་པར་ དེ་ནང་ སེམས་ཡང་ཡོད་ཟེར་སླབ་མི་ཡང་ ཐོན་ཡི།
ཁོ་གིས་འབད་བ་ཅིན་ རང་གི་རྒྱུད་ལུ་ ཞི་བདེ་དགོ་པ་ཅིན་ ཧེ་མ་ར་ རང་གི་མི་ཚེ་ནང་ ཞི་བདེ་དེ་ ག་ཅི་ལུ་བརྟེན་དགོཔ་ཨིན་ན་ དབྱེ་ཞིབ་འབད་དགོ་ཟེར་ཨིནམ་ད་ དེ་གིས་ མི་ལུས་ཐོབ་པའི་སྙིང་པོ་དང་ མི་ཚེ་ག་ཅི་སྦེ་ ཁག་ཆེཝ་ཨིན་ན་ཚུ་ཡང་ ཤེས་ཚུགས་ནི་ལུ་ ཕན་ཐོགས་ འབྱུང་འོང་ཟེར་ཨིན་པས།
གསལ་བཤད་དེ་ལུ་བལྟ་བ་ཅིན་ ཞི་བདེ་དགོ་པ་ཅིན་ དགོ་འདོད་དེ་ ཆོག་ཤེས་འབད་དགོཔ་བཟུམ་སྦེ་ མཐོང་ཡོདཔ་ད་ དེ་ཡང་ ནང་པའི་ཆོས་ལས་ཡང་ ནོར་རྣམས་ཀུན་གྱི་ནང་ལས་ ཆོག་ཤེས་པ་ཟེར་ རང་བདེ་བ་ལུ་གནས་དགོ་པ་ཅིན་ ནོར་ལོངས་སྤྱོད་ཚད་འཛིན་འབད་དགོ་ནི་ཨིནམ་ད་ དེ་མིན་ འདོད་ཆགས་ལུ་ ཤུགས་ཆེ་བའི་སྐབས་ དེའི་དབང་ལུ་ཐལ་ཏེ་ ཞི་བདེ་འབྱུང་ནིའི་གོ་སྐབས་ དཀོན་ནི་ཨིན་པས།
ལས་རིམ་དེ་ནང་ མི་༥༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ དེའི་གྲས་ལས་ རྒྱལ་གཞུང་གཙུག་ལག་སློབ་སྡེའི་ གཙོ་འཛིན་འོགམ་བགྲེསཔ་ དྲགོས་པདྨ་འཕྲིན་ལས་ཡང་ཡོདཔ་ད་ ཁོ་གིས་བཤད་མིའི་ནང་ ད་རེས་ ཡིག་ཚང་ནང་ལས་ དགོངས་ཞུ་འབད་བའི་ཤུལ་ལས་ དྲགོས་ཀྱི་ གོ་གནས་མེད་མི་ལུ་བལྟ་བ་ཅིན་ མི་ཚེ་ནང་ ག་ཅི་རང་ཨིན་རུང་ མི་རྟག་པའི་རང་བཞིན་ཨིནམ་ལས་ མི་ཚུ་གིས་ སྟོབས་གོ་ས་ལ་སོགས་ཚུ་ལུ་ཡང་ སེམས་ཆགས་དགོཔ་ཅིག་ མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ན་གཞོན་གོང་འཕེལ་མ་དངུལ་གྱི་ བཀོད་ཁྱབ་མདོ་ཆེན་ རྡོ་རྗེ་དབང་མོ་གིས་འབད་རུང་ ཞི་བདེ་དགོ་པ་ཅིན་ ཆགས་སྡང་དང་ སེར་སྣ་ལ་སོགས་པ་ཚུ་ སྤང་དགོཔ་ལས་ ད་རེས་ཀྱི་ ཞི་བདེའི་ལས་རིམ་དེ་ ནང་པའི་ལྟ་བ་དང་ ཅོག་འཐདཔ་ཡོདཔ་ལས་ དེ་གིས་ མི་ཚེ་ནང་ ཕན་ཐོགས་སྦོམ་འབྱུང་ཚུགས་ཟེར་ཨིན་པས།
མོ་གིས་ བཅའ་མར་གཏོགས་མི་ཚུ་ལུ་ བཤད་མིའི་ནང་ ལས་རིམ་དེ་གིས་ མི་ཚེ་ནང་ བྱ་སྟབས་མ་བདེཝ་ཐོན་ཏེ་ སེམས་ཁར་ཞི་བདེ་མེད་མི་ཚུ་ཡང་ སེམས་གསོ་སྐྱོང་འཐབ་ནི་ལུ་ ཕན་ཐོགས་སྦོམ་བྱུང་ཡོདཔ་ལས་ ད་རེས་ཀྱི་ ལས་རིམ་དེ་གིས་ བཅའ་མར་གཏོགས་མི་ཚུ་གི་ མི་ཚེ་ལེགས་བསྒྱུར་འབད་ནི་ལུ་ ཕན་ཐོགས་ཡོད་ཟེར་ཨིན་པས།
ན་གཞོན་གོང་འཕེལ་མ་དངུལ་ནང་ འགོ་འདྲེན་འཐབ་མི་ ལས་རིམ་དེ་ འཆི་མེད་ཐང་ཀ་ལུ་ཡོད་པའི་ རྒྱལ་ཡོངས་ཞི་བདེ་སྤེལ་ཁང་གིས་ རྒྱལ་ཁབ་ནང་ ཞི་བདེ་དང་འབྲེལ་བའི་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་མིའི་གྲས་ལས་ གཅིག་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *