ཞི་གཡོགཔ་ཚུ་ སྲིད་དོན་ནང་ བཅའ་མར་གཏོགས་ནི་ཨིན་པ་ཅིན་ ངེས་པར་དུ་ དགོངས་ཞུ་འབད་དགོཔ།

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་འཁྲིལཝ་ད་ སྲིད་དོན་ཚོགས་པ་ཚུ་གིས་ ཞི་གཡོགཔ་ཚུ་ སྲིད་དོན་ནང་ བཅའ་མར་གཏོགས་བཅུག་ནིའི་དོན་ལུ་ སེམས་ཤུགས་བསྐྱེད་བཅུག་མི་ཡོདཔ་ཨིན་རུང་ དེའི་སྐོར་ལས་ ལྷན་ཚོགས་ལུ་ སྙན་ཞུ་འབད་མི་ ཕུད་རྡོག་༡ ཡང་ མ་འཐོན་ཟེར་ཨིན་པས།
ལྷན་ཚོགས་ཀྱི་ཁྲི་འཛིན་ དྲགོས་ཀརྨ་ཚུལ་ཁྲིམས་ཀྱིས་ སླབ་མིའི་ནང་ ད་ཚུན་ སྲིད་དོན་ནང་ ཞི་གཡོགཔ་ཚུ་གིས་ བཅའ་མར་གཏོགས་པའི་སྐོར་ལས་ བརྡ་བརྒྱུད་ནང་ཐོན་མི་ཚུ་ དགོངས་ཞུ་འབད་མི་ཚུ་ཨིན་ཟེར་ཨིནམ་ད་ ད་ལས་ཕར་ བཅའ་མར་གཏོགས་མི་ཡོད་པ་ཅིན་ དགོངས་ཞུ་འབད་བའི་ཤུལ་ལས་མ་གཏོགས་ དེ་མིན་ བཅའ་མར་གཏོགས་མི་ཆོག་ཟེར་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༢༧ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་ ཞལ་འཛོམས་འཚོགས་པའི་སྐབས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་གྱིས་གཙོས་པའི་ ཞི་གཡོགཔ་ལེ་ཤ་ཅིག་གིས་ མི་སེར་དམངས་གཙོ་ཚོགས་པ་ནང་ འདེམས་ངོ་སྦེ་ བཅའ་མར་གཏོགས་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་ཚུ་ དགོངས་ཞུ་འབད་ནིའི་ དཔའ་བཅམ་དོ་ཡོདཔ་མ་ཚད་ ལ་ལོ་ཅིག་ དགོངས་ཞུ་འབད་ཡི་ཟེར་ཨིནམ་ད་ ཚོགས་པ་གིས་ ཞི་གཡོགཔ་ཚུ་ལུ་ སྤྲོ་བ་བསྐྱེད་མི་དེ་ཡང་ ཁོང་ཆ་ཁྱབ་ ལྕོགས་གྲུབ་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
དེ་འབདཝ་ད་ དྲགོས་ཀརྨ་ཚུལ་ཁྲིམས་ཀྱིས་ སླབ་མིའི་ནང་ ཞི་གཡོག་བཅའ་ཁྲིམས་༢༠༡༠ དང་ འབྲུག་གི་ཞི་གཡོག་སྒྲིག་དང་འཁྲིལ་བ་ཅིན་ ཞི་གཡོགཔ་ཚུ་སྲིད་ལས་ ཐ་དད་ཨིནམ་ལས་ སྲིད་དོན་ནང་ འབྲེལ་གཏོགས་འབད་མི་ཆོག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཞི་གཡོགཔ་ཚུ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་ནི་ཨིན་པའི་སྐོར་ལས་ སྲིད་དོན་ནང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཡང་ སླབ་མི་ཆོག་ཟེར་ཨིནམ་ད་ ཁོང་གིས་ སྲིད་དང་འབྲེལ་བའི་ལས་རིམ་ དཔྱེ་འབད་བ་ཅིན་ སྲིད་དོན་གྱི་ཞལ་འཛོམས་ལ་སོགས་པ་ཚུ་ནང་ཡང་ བཅའ་མར་གཏོགས་མི་ཆོག་ཟེར་ཨིན་པས།
དྲགོས་ཀརྨ་ཚུལ་ཁྲིམས་ཀྱིས་འབད་བ་ཅིན་ ཞི་གཡོག་ནང་ལས་ དགོངས་ཞུ་མ་འབད་བར་ སྲིད་དོན་ནང་ བཅའ་མར་གཏོགས་པ་ཅིན་ ཞི་གཡོགཔ་དེ་གིས་ བཅའ་ཁྲིམས་ལས་འགལ་བའི་ ལཱ་བྱ་འཐབ་པའི་གྲངས་སུ་ཚུདཔ་ལས་ ལམ་ལུགས་དང་བསྟུན་ ཉེས་བྱ་བཀལ་དགོ་ཟེར་ཨིན་པས།
ཉེས་བྱ་དེ་ཡང་ ཞི་གཡོག་ནང་ལས་ བཏོན་གཏང་ནི་དང་ ཡང་ཅིན་ དགོངས་ཞུ་འབད་བཅུག་ནི་ཨིནམ་མ་ཚད་ ལྷན་ཚོགས་ཀྱིས་ སྲིད་ཚོགས་ནང་ཡང་ བཅའ་མར་གཏོགས་མ་ཆོགཔ་སྦེ་ བཟོ་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ སྲིད་དོན་ཚོགས་པ་ཚུ་གིས་ ཞི་གཡོགཔ་ཚུ་ སྲིད་དོན་ནང་ བཅའ་མར་གཏོགས་བཅུག་པའི་སྐོར་ལས་ ཤེས་གཏོགས་མེད་རུང་ ཞི་གཡོགཔ་གོངམ་ལ་ལོ་ཅིག་གིས་ དགོངས་ཞུ་ཡི་གུ་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ དེའི་གྲས་ལས་གཅིག་གིས་ཡང་ སྲིད་ནང་བཅའ་མར་གཏོགས་དོ་ཡོད་པའི་སྐོར་ལས་ ལོ་རྒྱུས་བཀོད་དེ་ མིན་འདུག་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༡ པ་ལས་འགོ་བཙུགས་ ད་ལྟོ་ཚུན་ ཞི་གཡོགཔ་༧༡༧ གྱིས་ དགོངས་ཞུ་ཡི་གུ་བཙུགས་ཡོདཔ་ད་ ཞི་གཡོགཔ་སྲིད་དོན་ནང་ བཅའ་མར་གཏོགས་ནི་ཨིན་མིའི་ ཐོ་དང་འཁྲིལ་བ་ཅིན་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ ཀུན་བཟང་དབང་འདུས་དང་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ལུང་བསྟན་རྡོ་རྗེ་ ཀྲོང་གསར་གྱི་རྫོང་བདག་ བསོད་ནམས་རིན་ཆེན་ དེ་ལས་ རྒྱལ་ཡོངས་དཔེ་མཛོད་ཁང་གི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་ནོར་བུ་གིས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་སྦེ་ ཐོན་དོ་ཡོདཔ་ཨིན་པས།
དེ་མ་ཚད་ དགེ་ལེགས་ཕུག་གི་དྲུང་པ་ བསོད་ནམས་ཚེ་རིང་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་ གཙོ་འཛིན་ བཀྲིས་སྟོབས་རྒྱས་ འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ མགོནམ་ཚེ་རིང་ ཁྲོམ་སྡེའི་ འགྲུལ་འཁོར་བཱསི་གི་མདོ་ཆེན་ བསོད་ནམས་དོན་གྲུབ་ དེ་ལས་ དབྱངས་ཅན་ཕུག་སློབ་གྲྭའི་དབུ་འཛིན་ ཀརྨ་འབྲུག་པ་ཚུ་ཡང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ ཐོན་དོ་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *