ཞི་གཡོགཔ་ཚུ་ སྲིད་དང་འབྲེལ་བ་མེདཔ་ཨིན་ན?

༉ ད་རེས་ནངས་པར་ སྲིད་དོན་ཚོགས་པ་ཚུ་གི་ནང་ལས་ཡང་ དམིགས་བསལ་དུ་ གཞུང་སྐྱོང་ཚོགས་པ་གིས་ ཕྱག་ཞུ་བའི་བསྒང་ཡོད་མི་ ཞི་གཡོགཔ་ཚུ་ལུ་ ཁོང་གི་ འདེམས་ངོ་སྦེ་ འོང་དགོ་པའི་ ཞུ་བསྐུལ་འབད་དོ་ཡོདཔ་ལས་ ཞི་གཡོག་དེ་ སྲིད་དང་འབྲེལ་མེད་ཐོག་ ག་དེ་སྦེ་ གནས་ཚུགསཔ་ཨིན་ནའི་ ཚ་གྱང་ཚུ་ བཤདཔ་ཨིན་མས།
གཞུང་སྐྱོང་ཚོགས་པ་གིས་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་འགོ་འདྲེན་འཐབ་རན་མིའི་ནང་ དོ་འགྲན་འབད་ནིའི་དོན་ལས་ ཞི་གཡོགཔ་ཚུ་ ཚོགས་པའི་འདེམས་ངོ་སྦེ་ ཐོན་གོ་པའི་སྐོར་ ཞུ་བསྐུལ་འབད་ཡོདཔ་ ངེས་བདེན་ཨིན་ཟེར་ བཤད་ཡོདཔ་ད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ཡང་ ཞི་གཡོགཔ་ཚུ་ སྲིད་ཚོགས་ནང་ འདེམས་ངོ་སྦེ་ ཐོན་ཡོད་པའི་སྐོར་ བརྡ་བརྒྱུད་ནང་ གསལ་བསྒྲགས་འབད་མི་ག་ར་ དགོངས་ཞུ་འབད་འབདཝ་ཨིན་ཟེར་ ངོས་ལེན་འབདཝ་ཨིན་མས།
འདི་འབདཝ་ད་ ཞི་གཡོགཔ་ཚུ་ དགོངས་ཞུ་མ་འབདཝ་ལས་ར་ སྲིད་དོན་གྱི་ ལས་སྣ་ཚུ་ནང་ འབྲེལ་འཛིན་འབད་དོ་ཡོད་པའི་ ལོ་རྒྱུས་གོ་མི་ལུ་ལྟཝ་ད་ ཞི་གཡོག་དེ་ མི་མང་ལས་ བློ་གཏད་ཡིད་ཆེས་མེདཔ་ འགྱོ་ནི་གི་ ཉེན་ཁ་འདུག། ག་འཆརཔ་ཟེར་བ་ཅིན་ ཞི་གཡོག་ནང་ མི་སྟོབས་རྒྱ་ཆེཝ་སྦེ་ཡོདཔ་ལས་ སྲིད་དོན་ཚོགས་པ་གང་རུང་གིས་ ཞི་གཡོགཔ་ཚུ་ལུ་ ཁོང་གི་སྲིད་ཚོགས་ནང་ འཛུགས་ཞུགས་འབད་དགོ་པའི་ ཨུ་ཚུགས་བསྐྱེད་སྲིད་ནི་ཨིན་རུང་ ཞི་གཡོགཔ་ཚུ་ལུ་ འདེམས་ངོ་སྦེ་ འོང་དགོ་པའི་སྐོར་ སླབ་ནི་དེ་ གཞུང་སྐྱོང་ཚོགས་པ་དང་ སྤྱི་ཚོགས་ནང་མེན་པའི་ སྲིད་ཚོགས་ཀྱི་བར་ན་ ཁྱད་པར་ཡོདཔ་ཨིན།
དེ་ཡང་ གཞུང་སྐྱོང་མི་གིས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ སྲིད་དང་འབྲེལ་མེད་ཐོག་ གནས་དགོ་མི་ ཞི་གཡོགཔ་ཚུ་ སྲིད་ཚོགས་ནང་ འཛུལ་དགོཔ་སྦེ་སླབ་ད་ ཞི་གཡོག་དེ་ཡང་ སྲིད་དོན་གྱི་དབང་ལུ་ ཐལ་བཅུག་ནི་གི་ ཉེན་ཁ་ཡོདཔ་ཨིན།
གཞུང་གིས་ ཞི་གཡོགཔ་ཚུ་ སྲིད་ཚོགས་ནང་ འཛུལ་ཞུགས་འབད་དགོ་པའི་ ཨུ་ཚུགས་བསྐྱེད་ནིའི་དོན་ལུ་ དབང་ཚད་བསྟར་སྤྱོད་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༦ པའི་ དགོངས་དོན་དང་ རྒྱབ་འགལ་འགྱོ་ནི་ཨིནམ་ད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ གཞི་བཙུགས་འབད་མི་དེ་ཡང་ འཇོན་ཚད་དང་ དྭངས་གསལ་ འཁྲི་འགན་ལྡན་པའི་ རྣམ་གཞག་གི་སྒོ་ལས་ སྤྱི་འགན་གྲུབ་མི་ རང་དབང་ཅན་དང་ སྲིད་དོན་འབྲེལ་མེད་ཀྱི་ ཞི་གཡོག་ཅིག་ ཡར་དྲག་གཏང་ནི་དང་ ངེས་གཏན་ཡོདཔ་ བཟོ་ཐབས་ལུ་ཨིན་མས།
ཞི་གཡོག་ལྷན་ཚོགས་ཀྱིས་ གཞུང་གི་སྲིད་བྱུས་དང་ ལས་རིམ་ཚུ་ ལག་ལེན་འཐབ་པའི་སྐབས་ གཞུང་སྐྱོང་ལེགས་ལྡན་དང་ མི་སྡེའི་དྲང་ཁྲིམས་ཡར་དྲག་ལུ་ གནས་ཚད་མཐོ་བའི་ བཟང་སྤྱོད་དང་ གཅིག་སྒྲིལ་གྱི་ ལམ་སྟོན་ཐོག་ལས་ ཞི་གཡོགཔ་ཚུ་གིས་ ཁྱད་རིག་གི་ ཞབས་ཏོག་ཞུ་ཚུགསཔ་ ངེས་གཏན་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་ཨིན།
གནད་དོན་དེ་ལུ་བརྟེན་ ཞི་གཡོག་གིས་ བཙག་འཐུ་གྲུབ་པའི་ གཞུང་ལུ་མ་གཏོགས་ སྲིད་དོན་ཚོགས་པ་ལུ་ ཁྱད་རིག་གི་ ཞབས་ཏོག་ཞུ་དགོ་པའི་ འགན་འཁྲི་མེདཔ་ལས་ ང་བཅས་ཀྱི་ ཞི་གཡོགཔ་ཚུ་ སྲིད་དོན་དང་ འབྲེལ་བ་མེདཔ་དང་ སྲིད་ཚོགས་དང་འབྲེལ་བའི་ ལས་སྣ་ཚུ་ནང་ གྲལ་གཏོགས་མེདཔ་སྦེ་ གནས་དགོཔ་ཨིན།
ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ ཁོང་རའི་ སྲིད་ཀྱི་ཁས་བླངས་གསལ་བསྒྲགས་དང་ ཆ་མཐུནམ་སྦེ་ སྲིད་བྱུས་དང་ འཆར་གཞི་ཚུ་ བརྩམ་ནི་ཨིན་རུང་ ཞི་གཡོགཔ་ཚུ་གིས་ རྒྱལ་ཁམས་ཀྱི་ རྒྱུ་དངུལ་ཚུ་ ཆུད་ཟད་མ་བཏང་པར་ རང་སོའི་འགན་ཁུར་ཚུ་ དྭངས་གསལ་དང་ ཕྱོགས་ལྷུང་མེདཔ་ ཕྱག་ཞུ་དགོཔ་དེ་ ག་ནི་བ་གལ་ཆེ།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ཚུ་ནང་ཡང་ ལྷན་ཚོགས་ལུ་ གདོང་ལེན་སྦོམ་ཤོས་ར་ ཞི་གཡོགཔ་ཚུ་ སྲིད་དང་འབྲེལ་མེད་ཐོག་ གནས་ཚུགསཔ་བཟོ་ནི་དེ་ཨིནམ་སྦེ་ བཀོད་ཡོདཔ་ད་ ཞི་གཡོག་དེ་ སྲིད་དང་ཐ་དད་གནས་དགོ་པ་ཅིན་ རྩ་ཁྲིམས་ཆེན་མོ་དང་ ཞི་གཡོག་བཅའ་ཁྲིམས་ཚུ་ དམ་སྒྲིང་སྦེ་ ལག་ལེན་འཐབ་དགོ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *