ཞི་གཡོགཔ་ཚུ་གིས་ སྲིད་དོན་ཚོགས་པའི་ འཆར་སྣང་དང་འཁྲིལ་ ལཱ་འབད་དགོཔ།

༉ བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ བཤད་མིའི་ནང་ གཞུང་གིས་ ལས་སྣ་ག་ཅི་ར་འབད་རུང་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་དགོཔ་མ་གཏོགས་ ལས་རིམ་ཚུ་ནང་ སྲིད་དོན་གྱི་ ལྷད་ཞུགས་ནི་མི་འོང་ཟེར་ཨིན་པས།
ཞི་གཡོགཔ་ཚུ་གིས་ འབད་རུང་ སྲིད་དོན་ཚོགས་པའི་ འཆར་སྣང་དང་འཁྲིལ་ཏེ་ ལཱ་འབད་དགོ་པའི་ ལམ་ལུགས་ཅིག་འདུག་ཟེར་ བློན་ཆེན་གྱིས་ བཤད་ཅི།
དེ་ཡང་ ཁ་ཙ་ ལྷན་རྒྱས་གཞུང་ཚེོགས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་གྱི་ ཞལ་འཛོམས་ཐེངས་དང་པ་ འཚོགས་པའི་སྐབས་ འཆར་གཞི་༡༢ པའི་ འཆར་གཞི་ཚུ་ འགྲུབ་ནིའི་དོན་ལུ་ ཞི་གཡོགཔ་ཚུ་ལས་ རེ་འདོད་ག་ཅི་ར་ ཡོདཔ་ཨིན་ན་གི་སྐོར་ལས་ དྲི་བཀོད་འབད་བའི་སྐབས་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་ འབད་བ་ཅིན་ བཙག་འཐུ་ལས་གྲུབ་པའི་ གཞུང་གིས་ དྲག་པོའི་ཐོག་ལུ་ མི་འབད་ཟེར་ཨིནམ་ད་ ལྷན་རྒྱས་གཞུང་ཚོགས་ཀྱིས་འབད་མི་ཚུ་ རྒྱལ་ཁབ་ཀྱི་ ཡུན་བརྟན་དོན་ལུ་ཨིནམ་བཞིན་དུ་ ཞི་གཡོགཔ་ཚུ་གིས་ ལོ་༥ འི་ནང་འཁོད་ལུ་ སྲིད་དོན་ཚོགས་པ་ག་འོང་རུང་ ལཱ་འབད་དགོ་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ བཙག་འཐུ་ལས་གྲུབ་པའི་ གཞུང་དང་ ཞི་གཡོགཔ་ཚུ་གི་བར་ན་ དབྱེ་བ་ཕྱེ་ནི་མེན་པར་ ང་བཅས་ག་ར་ གཅིག་ཨིནམ་སྦེ་ བརྩི་འཇོག་བསྐྱེད་དགོ་ཟེར་ཨིནམ་ད་ གལ་སྲིད་ སྲིད་དོན་ཚོགས་པའི་གཞུང་གི་ ཞི་གཡོགཔ་ཚུ་གི་ སླབ་མི་དེ་ ངོས་ལེན་མ་འབད་བ་ཅིན་ ལཱ་གཅིག་ཁར་ འབད་མ་ཚུགས་པའི་ཁར་ གྲུབ་འབྲས་ཡང་བཏོན་མི་ཚུགས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ལྷན་རྒྱས་གཞུང་ཚོགས་དང་ ཞི་གཡོགཔ་ཚུ་ ལཱ་གཅིག་ཁར་འབད་དགོཔ་ ཁག་ཆེ་མི་ལུ་བརྟེན་ གཞུང་དབུ་བརྙེས་ཏེ་ བདུན་ཕྲག་གཅིག་ནང་འཁོད་ལུ་ར་ གཞུང་གི་དྲུང་ཆེན་གྱི་ ཚོགས་ཆུང་ཡང་ ལོག་གཞི་བཙུགས་འབད་ཡི་ཟེར་ཨིནམ་བཞིན་དུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ག་ར་ ཞི་གཡོག་ནང་ལས་ འོང་མི་ཙང་ཙ་ཡོདཔ་ལས་ ལཱ་གཅིག་ཁར་འབད་དགོ་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ ཞི་གཡོགཔ་མང་ཤོས་ཅིག་ སྲིད་དོན་གྱི་ དུས་ཚོད་དང་འབྲེལ་བའི་ གཞི་བཀོད་དང་འཁྲིལ་ཏེ་ འགྱོ་དགོ་ཟེར་ཨིནམ་ད་ ཞི་གཡོགཔ་ཚུ་ ལོ་༣༠ དང་ ང་བཅས་ར་ ལོ་༥ གི་དོན་ལུ་ཨིན་རུང་ རྒྱལ་ཁབ་ཀྱི་ ཡུན་བརྟན་དོན་ལུ་ ཅི་དྲག་གང་དྲག་སྦེ་ ལཱ་འབད་འོང་ཟེར་ཨིན་པས།
གནད་དོན་ཐད་ཀར་དུ་ འབད་བ་ཅིན་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ ལྷན་རྒྱས་གཞུང་ཚོགས་དེ་ ཞི་གཡོགཔ་ཚུ་གི་ ཡན་ལག་ཅིག་ཨིནམ་བཞིན་དུ་ ལྷན་རྒྱས་ཀྱི་ བློན་པོ་ཕུད་རྡོག་ཅིག་ཡང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཆུང་གི་ འཐུས་མི་སྦེ་ མེད་ཟེར་ཨིན་པས།
གཞུང་གི་ བརྡ་བརྒྱུད་མགྲིན་ཚབ་ ཕྱི་འབྲེལ་བློན་པོ་གིས་ འབད་བ་ཅིན་ གཞུང་གི་དྲུང་ཆེན་ཚོགས་ཆུང་གིས་ གཞུང་སྐྱོང་ནིའི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ལམ་སྟོན་འབད་དགོ་པའི་ཁར་ མཉམ་འབྲེལ་འབད་འོང་ཟེར་ཨིནམ་ད་ ལྷན་རྒྱས་གཞུང་ཚོགས་ཀྱིས་ རྒྱལ་ཁབ་ཀྱི་ ཡུན་བརྟན་དོན་ལུ་ འཆར་གཞི་ལེགས་ཤོམ་མེད་པའི་སྐོར་ལས་ ཞི་གཡོགཔ་ཚུ་གི་ སྒྲུབ་བྱེད་དང་འཁྲིལ་ཏེ་ བསམ་ལེན་འབད་བ་ཅིན་ ངོས་ལེན་ཡོད་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ བཙག་འཐུ་ལས་གྲུབ་པའི་ ལཱ་འགན་ཚུ་ འདྲ་མཉམ་ཡོད་པ་ཅིན་ ལས་རིམ་དང་ སྲིད་བྱུས་ཚུ་གིས་ རྒྱལ་ཁབ་ལུ་ ཕན་ཐོགས་ཚུགས་ཟེར་ཨིནམ་ད་ ལོ་༥ འི་འཆར་གཞི་༡༢ པའི་ འཆར་གཞི་ཚུ་ འགོ་བཙུགས་ནིའི་དོན་ལུ་ གཞུང་གིས་ ཞི་གཡོགཔ་དང་གཅིག་ཁར་ ལཱ་འབད་བཞིན་དུ་ར་ ཡོད་ཟེར་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ སྐལ་བཟང་དབང་འདུས་ཀྱིས་ བརྡ་བརྒྱུདཔ་ཚུ་ལུ་ སླབ་མིའི་ནང་ སྲིད་དོན་ཚོགས་པའི་ འགོ་ཁྲིདཔ་ཚུ་དང་ འབྲེལ་བ་འཐབ་ནི་ཐད་ཀར་ ཞི་གཡོགཔ་དང་ སྲིད་དོན་ཚོགས་པ་༢ ཀྱི་བར་ན་ ཁྱད་པར་མེད་ཟེར་ཨིནམ་ད་ སྤྱིར་བཏང་ མི་སེར་ཚུ་ལུ་ ཕྱག་ཞུ་ནི་དང་ འབྲུག་རྒྱལ་པོ་མཆོག་གི་ དགོངས་འཆར་བསྒྲུབ་ནི་དེ་ གཅིག་མཐུན་གྱི་ འགན་ཁུར་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན གཞུང་གི་དྲུང་ཆེན་གྱི་ ཚོགས་ཆུང་དེ་ འབྲེལ་བ་འཐབ་ཚུགསཔ་བཟོ་ཐབས་ལུ་ ལོག་གཞི་བཙུགས་འབད་ཡོདཔ་བཞིན་དུ་ དེ་གིས་ གྲོས་བསྟུན་གྱི་ གཙུག་སྡེ་ཅིག་སྦེ་ ལཱ་འབད་ནི་ཨིནམ་མ་ཚད་ ལྷན་རྒྱས་གཞུང་ཚོགས་ལུ་ སྲིད་བྱུས་ཀྱི་ གདམ་ཁ་ཡང་ བྱིན་ཚུགས་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *