ཞི་གཡོགཔ་ཚུ་གི་འགན་འཁྲི།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསམ་རྩེ་ལུ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༡ པ་བརྩི་སྲུང་ཞུ་ས་ལས་ རྒྱལ་ཡོངས་ལུ་ གསུང་བཤད་གནངམ་ད་ དམངས་གཙོའི་རིང་ལུགས་ནང་ ཞི་གཡོགཔ་ཚུ་གི་ འགན་ཁུར་རྩ་ཆེ་བའི་སྐོར་ དྲན་གསལ་གནང་ཡི།
མི་དབང་མཆོག་གིས་ སྤྱི་ལོ་༢༠༡༣ ལུ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ རྒྱལ་ཡོངས་དུས་ཆེན་སྐབས་ ཞི་གཡོགཔ་ཚུ་ལུ་ རང་སོའི་འགན་ཁུར་ཚུ་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་འབག་སྟེ་ རྒྱལ་ཁབ་ལུ་ ཕྱག་ཞུ་དགོ་པའི་ བཀའ་སློབ་གནང་ཡོདཔ་བཞིན་དུ་ ད་རེས་ ལོག་སྟེ་ར་ ཐུགས་ཀྱི་དྲན་གསོ་གནང་མི་དེ་ བཙག་འཐུ་ལས་གྲུབ་མི་ གཞུང་དེ་ ལོ་ལྔའི་རྒྱབ་ལས་ སོར་ཡི་ར་ འགྱོཝ་ཨིན་རུང་ ཞི་གཡོག་གི་ལཱ་ཚུ་ འགྱུར་ལྡོག་མེད་པར་ ཡུན་བརྟན་སྦེ་ གནས་མི་ལུ་བརྟེན་ཨིན་མས།
མི་དབང་མངའ་ཞབས་མཆོག་གིས་ གསུངས་དོ་བཟུམ་ ཞི་གཡོགཔ་ཚུ་གི་ ཡུན་བརྟན་གྱི་ འགན་ཁུར་ཟེར་མི་དེ་ རྒྱལ་ཁབ་ཀྱི་ རང་དབང་རང་བཙན་དང་ སྲུང་སྐྱོབ་བདག་འཛིན་འཐབ་ནི་ ལམ་སྲོལ་བཟང་པོ་མི་ཉམས་ གོང་འཕེལ་གཏང་ནི་ རང་བཞིན་གནས་སྟངས་ཉེན་སྐྱོབ་འབད་ནི་ རྒྱལ་ཁབ་གཞན་ཚུ་དང་གཅིག་ཁར་ མཐུན་ལམ་ལེགས་ཤོམ་བཟོ་ནི་ དེ་ལས་ དཔལ་ལྡན་འབྲུག་པའི་ ངོ་རྟགས་དང་ མིང་གཏམ་དེ་ གོང་ལས་གོང་དུ་འཕེལ་ནི་གི་ འགན་ཁུར་ཚུ་ཨིན་མས།
རྩ་ཁྲིམས་ཆེན་མོའི་ནང་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་གཞི་བཙུགས་འབད་མི་དེ་ར་ འཇོན་ཚད་དང་ དྭངས་གསལ་ འཁྲི་འགན་ལྡན་པའི་ རྣམ་གཞག་གི་སྒོ་ལས་ སྤྱི་འགན་གྲུབ་མི་ རང་དབང་ཅན་དང་ སྲིད་དོན་འབྲེལ་མེད་ཀྱི་ ཞི་གཡོག་ཡར་དྲག་གཏང་ནི་དང་ ངེས་བརྟན་ཡོདཔ་བཟོ་ཐབས་ལུ་ཨིན་མས།
ད་རུང་ ལྷན་ཚོགས་ཀྱིས་ གཞུང་གི་སྲིད་བྱུས་དང་ ལས་རིམ་ཚུ་ ལག་ལེན་འཐབ་པའི་སྐབས་ གཞུང་སྐྱོང་ལེགས་ལྡན་དང་ མི་སྡེའི་དྲང་ཁྲིམས་ཡར་དྲག་ལུ་ གནས་ཚད་མཐོ་བའི་ བཟང་སྤྱོད་དང་ གཅིག་སྒྲིལ་གྱི་ ལམ་སྟོན་ཐོག་ལས་ ཞི་གཡོགཔ་ཚུ་གིས་ ཁྱད་རིག་གི་ ཞབས་ཏོག་ཞུ་ཚུགསཔ་ ངེས་བརྟན་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་ཨིན་མས།
མ་གཞི་ ཞི་གཡོགཔ་ཚུ་ སྲིད་དོན་འབྲེལ་མེད་ཐོག་ གནས་དགོཔ་ཨིན་ཟེར་ རྩ་ཁྲིམས་ནང་ འཁོད་དེ་ཡོད་རུང་ སྲིད་ཚོགས་དང་འབྲེལ་བ་མེད་པར་ སྡོད་ཐབས་མེདཔ་ལས་ བཙག་འཐུ་གྲུབ་མི་ གཞུང་གི་འཆར་གཞི་དང་ སྲིད་བྱུས་ གྲོས་ཆོད་ཚུ་ ལག་ལེན་འཐབ་ནི་དང་ ལམ་སྟོན་ གྲོས་འདེབས་ཕུལ་ནི་ཚུ་ནང་ ལྷན་ཐབས་དང་ ཕན་གྲོགས་ག་དེ་དྲག་དྲག་ འབད་དགོཔ་ཨིན།
ད་རེས་ ལོ་ལྔའི་འཆར་གཞི་༡༢ པ་ལག་ལེན་འཐབ་ནིའི་ དུམ་ཁ་ལུ་ ལྷོད་ཡོདཔ་ལས་ མི་དབང་མཆོག་གིས་ བཀའ་སློབ་གནང་དོ་བཟུམ་ འཆར་གཞིའི་ལས་སྣ་དང་ ལས་འགུལ་སྦོམ་ཚུ་ ལག་ལེན་འཐབ་དགོཔ་ལས་ ད་རེས་ནངས་པར་ ལས་སྡེ་གཞན་ཚུ་ནང་ མི་སྟོབས་༢༥,༥༠༠ དེ་ཅིག་ཡོད་མི་མ་བརྩིས་བར་ ཞི་གཡོགཔ་༢༩,༠༠༠ ལྷགཔ་ཅིག་ཡོད་མི་ཚུ་གིས་ གཞུང་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ སེམས་དྲནམ་བཏོན་ ཚ་གྱང་འབག་ རྒྱལ་ཁབ་ཀྱི་ རྒྱུ་དངོས་ཚུ་ བདག་འཛིན་ལེགས་ཤོམ་འཐབ་སྟེ་ སྔར་བ་ལྷགཔ་སྦེ་ འགན་འབག་ནི་གི་ དུམ་ཁར་ལྷོད་དེ་འདུག།
རྒྱུ་སྟོབས་ལས་འབད་རུང་ མི་སྟོབས་ལས་འབད་རུང་ ལྕོགས་གྲུབ་ལས་འབད་རུང་ ག་བ་ལྷགཔ་སྦེ་ ཞི་གཡོག་ནང་ ཚང་ནི་དེ་གིས་ འགན་ཁག་ཚུ་ནང་ འཐུས་ཤོར་མི་འབྱུང་ནི་ཨིན་རུང་ འདས་པའི་ཉམས་མྱོང་ཚུ་དང་འཁྲིལཝ་ད་ ལ་ལོ་གིས་ སེམས་བག་གཡེང་ཤོར་མི་ལུ་བརྟེན་ འཐུས་ཤོར་བྱུང་མི་དང་ ངན་ལྷད་ནང་ འབྲེལ་གཏོགས་འབད་བའི་ གནད་དོན་ཚུ་ཡང་ཐོན་ཡོད།
འདི་འབདཝ་ལས་ ཞི་གཡོགཔ་ཚུ་གིས་ མངའ་བདག་རྒྱལ་པོའི་ བཀའ་སློབ་བཟང་པོ་དང་འཁྲིལ་ རང་སོའི་འགན་ཁུར་ ལྷག་བསམ་རྣམ་དག་གི་སྒོ་ལས་འབག་སྟེ་ ཕྱག་ཞུ་བ་ཅིན་ ལྷག་པར་དུ་ རྒྱལ་ཁབ་སྒྲིང་སྒྲི་འགྱོ་ནི་དང་ མི་སེར་ཚུ་ཡང་ སྔར་བ་ལྷགཔ་སྦེ་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ སྡོད་ཚུགས་པའི་ གོ་སྐབས་འདུག།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *