ཞི་གཡོགཔ་ཅིག་ལུ་ སྨྱོ་རྫས་ཨེསི་པི་པ་ལཱསི་ ནག་ཚོང་འཐབ་པའི་ བཙོན་ཁྲིམས་ཕོག་ཡོདཔ།

༉ འདས་པའི་བདུན་ཕྲག་ནང་ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༣༦ ལང་མི་ ཞི་གཡོགཔ་ཅིག་ལུ་ བཀག་དམ་ཅན་གྱི་ སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ནག་ཚོང་འཐབ་པའི་ བཙོན་ཁྲིམས་ལོ་༥ བཀལ་ནུག།

བཀྲིས་གཡང་རྩེ་སྟོང་གཞང་ལས་ཨིན་མི་ ཚེ་དབང་དཔལ་འབྱོར་དེ་ ན་ཧིང་ སྤྱི་ཟླ་༡༠ པའི་ཚེས་༢༩ ལུ་ དགེ་འདུའི་ཁྲིམས་སྲུང་འགག་པ་གིས་ ཁོ་གི་ ཇེ་ཀེཊ་ནང་ལས་ སྨྱོ་རྫས་ཨེསི་པི་པ་ལཱསི་སྨན་ཐུམ་༧༠ ཐོབ་ལས་ འཛིན་བཟུང་འབད་ཡོདཔ་མ་ཚད་ ཁོ་ལུ་ བརྟག་དཔྱད་འབདཝ་ད་ སྨྱོ་རྫས་སྤྱོད་ཡོད་པའི་ གྲུབ་འབྲས་ཐོན་ཡོདཔ་ཨིན་པས།

མ་གཞི་ འཁྲུན་ཆོད་ནང་ ཞི་གཡོགཔ་ཨིནམ་སྦེ་ བཀོད་ཡོདཔ་མ་གཏོགས་ ཁ་གསལ་མེད་རུང་ ཉེས་ཅན་དེ་ བསྟན་རྒྱས་ལྷན་ཁག་ནང་ ཚོང་འབྲེལ་འགོ་དཔོན་སྦེ་ ལཱ་འབད་མི་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཚེ་དབང་དཔལ་འབྱོར་ལུ་ སྨྱོ་རྫས་ནག་ཚོང་འཐབ་པའི་ ཉེས་འཛུགས་འབད་ནུག།

སྤྱི་ཟླ་༥ པའི་ཚེས་༢༢ ལུ་གནང་མི་ འཁྲུན་ཆོད་ནང་ རྩོད་ཟླ་གིས་ ཕུན་ཚོགས་གླིང་ལུ་ དྲོད་ཤུགས་ཀྱིས་འབད་མ་ཚུགས་པར་ ཁོ་རའི་སྣུམ་འཁོར་ཀཱར་གྱི་ སྒོ་ཅུང་ཕྱེ་བཞག་ཡོདཔ་ལས་ དེ་བསྒང་ མི་གཞན་གྱིས་ ཁོ་གི་ཇེ་ཀེཊ་ནང་ སྨྱོ་རྫས་བཙུགས་བཞག་ནུག་ཟེར་ ཞུ་ཡོདཔ་སྦེ་བཀོད་ནུག།

དེ་མ་ཚད་ ཧེ་མ་ ཁོ་ར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ལཱ་འབད་ཡོདཔ་མ་ཚད་ ཞིབ་དཔྱད་ཅིག་ཡང་ འབད་ཡོདཔ་ལས་ ཁོ་གི་ཞིབ་དཔྱད་ལུ་བརྟེན་ གནོད་པ་བྱུང་པའི་ མི་དེ་གིས་ ཁོ་གི་ཇེ་ཀེཊ་ནང་ སྨྱོ་རྫས་བཙུགས་བཞག་ཡོད་པའི་ དོགས་པ་ཡོད་ཟེར་ ཞུ་ཡོདཔ་ཨིན་པས།

ཁོ་གིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ ཁྲིམས་སྲུང་འགག་པ་གིས་ ཁོ་ འཛིན་བཟུང་འབདཝ་ད་ སྤྱགས་སྡུག་འཐབ་མི་ལུ་བརྟེན་ ངག་བརྗོད་བྱིན་ཡི་ཟེར་ཨིནམ་ད་ ཁོ་ར་ ནཝ་ན་ས་སྡོད་མི་ཅིག་ཨིནམ་ལས་ དྲུང་འཚོ་ཚུ་གི་ བཀོད་འཛིན་དང་འཁྲིལ་ ཨེསི་པི་པ་ལཱསི་ཡོད་མི་ སྨན་བཟའ་སྤྱོད་འབད་ཡོདཔ་སྦེ་ཞུ་ནུག།

དེ་འབདཝ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་གིས་ རྩོད་ཟླ་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ལཱ་འབདཝ་ད་ བདག་སྐྱོང་ནང་ཨིནམ་ལས་ མི་ག་དང་ཡང་ འཁོན་འཛིན་འོང་དགོཔ་མེད་ཟེར་ བརྒལ་ལན་ཞུ་བའི་ཁར་ ཁོ་གིས་ ངག་བརྗོད་བྲིས་བའི་སྐབས་ལུ་ དཔང་པོ་ཅིག་ཡང་འདུག་ཟེར་ ཞུ་ཡོདཔ་ཨིན་པས།

མ་གཞི་ རྩོད་ཟླ་གིས་ ཌོག་ཊར་རིག་ལྡན་གྱིས་ སྤྱི་ཟླ་༡༠ པའི་ཚེས་༡༤ ལུ་ སྨན་གྱི་བཀོད་འཛིན་བྱིན་མི་ཅིག་ གསལ་སྟོན་འབད་ཡོད་རུང་ བཀོད་འཛིན་ནང་ བཀག་དམ་ཅན་གྱི་ སྨྱོ་རྫས་ཉོ་སྟེ་ ཟ་དགོ་པའི་སྐོར་ བཀོད་དེ་མིན་འདུག་ཟེར་ ཉེས་བཤེར་འབད་མི་གིས་ཞུ་ནུག།

ཁྲིམས་འདུན་གྱིས་ འཁྲུན་ཆོད་ནང་ བཀོད་པའི་ནང་གསལ་ རྩོད་ཟླ་གིས་ ཁོ་རའི་ཇེ་ཀེཊ་ནང་ སྨྱོ་རྫས་ག་གིས་ བཙུགས་བཞག་ཡོདཔ་ཨིན་ན་ བདེན་ཁུངས་བསྐྱལ་མ་ཚུགསཔ་ལས་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མ་དང་འཁྲིལ་ བཙོན་ཁྲིམས་བཀལ་ཡི་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *