ཞི་གཡོག་འགོ་དཔོན་གོངམ་ཚུ་ སྲིད་དོན་གྱི་དབང་ལུ་ ཞུགས་བཅུག་ནུག་ཟེར་ གཞུང་སྐྱོང་ལུ་ ཁ་བཏང་དོ་ཡོདཔ།

༉ མི་སེར་དམངས་གཙོ་ཚོགས་པའི་ནང་ གལ་གནད་ཅན་གྱི་ གོ་གནས་འཆང་མི་ ཞི་གཡོགཔ་དག་པ་ཅིག་ འཛུལ་ཞུགས་འབད་མི་ལུ་བརྟེན་ གཞུང་གིས་ སྲིད་དང་ཐ་དད་ཨིན་མི་ ཞི་གཡོགཔ་ཚུ་ སྲིད་དོན་གྱི་དབང་ལུ་ ཞུགས་བཅུག་པའི་ མཐོང་སྣང་ཅིག་ལུ་གྱུར་ནུག།
ཚོགས་པ་དེ་གིས་ ད་ཚུན་གྱི་བར་ན་ ཆེ་མཐོའི་ཞི་གཡོགཔ་༡༢ གཞུང་འབྲེལ་ཐོག་ ཚོགས་པའི་འདེམས་ངོ་སྦེ་ གསལ་བསྒྲགས་འབད་ཡོདཔ་ད་ ཁོང་ག་ར་ ཞི་གཡོགཔ་ནང་ལས་ འཕྲལ་ཁམས་ཅིག་ཁར་ དགོངས་ཞུ་འབད་ཡོདཔ་ཨིན་པས།
ཞི་གཡོགཔ་ཚུ་གིས་ འདེམས་ངོ་སྦེ་ འཛུལ་ནི་ལུ་ ཧེ་མ་ལས་ ཁ་བཟེད་ཡོད་རུང་ མི་སེར་དམངས་གཙོ་ཚོགས་པ་གིས་ གཞུང་འབྲེལ་ཐོག་ལུ་ གསལ་བསྒྲགས་མ་འབད་བར་ བཞག་ཡོདཔ་ད་ འགོ་དཔོན་ལ་ལོ་ཅིག་ ན་ཧིང་ལས་ར་ འདེམས་ངོ་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།
ཞི་གཡོགཔ་གོངམ་ཚུ་ ཚོགས་པའི་འདེམས་ངོ་སྦེ་ ངོ་སྤྲོད་འབད་བའི་སྐབས་ ད་ལྟོའི་གཞུང་གིས་ སྲིད་དང་འབྲེལ་མེད་ གནས་དགོ་པའི་ ཞི་གཡོགཔ་ཚུ་ སྲིད་དོན་ནང་ གྲལ་གཏོགས་འབད་བཅུགཔ་མས་ཟེར་བའི་ལོ་རྒྱུས་ ཞི་གཡོག་ནང་འཁོད་ལུ་བྱུང་ནུག།
མི་སེར་དམངས་གཙོ་ཚོགས་པ་གིས་ སྤྱི་ཟླ་༣ པ་ཚུན་ འདེམས་ཁོངས་༡༤ གི་ འདེམས་ངོ་ཚུ་ ཐག་བཅད་ཚར་ཡོདཔ་ཨིན་རུང་ དེ་བསྒང་ ཞི་གཡོགཔ་ཚུ་ དགོངས་ཞུའི་བྱ་རིམ་ནང་ ཡོད་མི་ལུ་བརྟེན་ མིང་གསལ་སྟོན་མ་འབད་བར་ བཞག་ཡོདཔ་ཨིན་པས།
ཨིན་རུང་ ཚོགས་པའི་འདེམས་ངོ་གསརཔ་ཚུ་ འཕྲལ་ཁམས་ཅིག་ཁར་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་ཡོདཔ་ད་ འདེམས་ངོ་ཚུ་ཡང་ ཞི་གཡོག་ནང་ གལ་གནད་ཅན་གྱི་ གོ་གནས་འཆང་མི་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་བགྲེསཔ་ཀུན་བཟང་དབང་འདུས་དང་ ས་གནས་གཞུང་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་བགྲེསཔ་ ལུང་བསྟན་རྡོ་རྗེ་ གཞལམ་སྒང་གི་རྫོང་བདག་ ཧར་ཀ་སིང་ཏ་མང་ ཀྲོང་གསར་གྱི་རྫོང་བདག་ བསོད་ནམས་རིན་ཆེན་ དེ་ལས་ རྒྱལ་ཡོངས་དཔེ་མཛོད་དང་ གཏན་མཛོད་ཁང་གི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་ནོར་བུ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༦ ལུ་ ངོ་སྤྲོད་འབད་བའི་སྐབས་ ཀྲོང་གསར་རྫོང་བདག་བགྲེསཔ་གིས་ གཞུང་འཁོར་བདའ་འོང་ཡོདཔ་མ་ཚད་ གཞལམ་སྒང་རྫོང་བདག་བགྲེསཔ་གིས་ སྒེར་འཁོར་བདའ་འོང་ཡོད་རུང་ གཞུང་འཁོར་དེད་གཡོགཔ་ ཁྱིད་འོང་ཡོདཔ་ད་ རྫོང་བདག་བགྲེསཔ་༢ ཆ་ར་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ ད་ལྟོ་ དབང་ཚད་ཁར་ཡོད་མི་ གཞུང་སྐྱོང་གིས་ ཞི་གཡོག་གོངམ་ཚུ་ ཚོགས་པའི་འདེམས་ངོ་སྦེ་ ངོ་སྤྲོད་འབད་མི་དེ་ ལམ་ལུགས་ངན་པ་ གཞི་བཙུགས་འབདཝ་མས་ཟེར་ བཤད་པའི་ཁར་ འདེམས་ངོ་ཚུ་ཡང་ ཧེ་མ་ལས་ གཞུང་གིས་ འཆར་གཞི་བརྩམས་བཞག་དོ་བཟུམ་ཅིག་སྦེ་ མཐོང་གསལ་བྱུང་ཡི་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ བཀྲིས་སྒང་བར་མཚམས་-གཤོང་ཕུག་གི་འདེམས་ངོ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་བགྲེསཔ་དང་ ས་གནས་གཞུང་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་༢ ཐད་ཀར་དུ་ མི་སྡེའི་གནས་རིམ་ནང་ མི་སེར་ཚུ་དང་ འབྲེལ་བ་འཐབ་མི་ཨིནམ་ལས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ རྒྱུད་བསྐུལ་འབད་ཚུགས་ཟེར་ཨིན་པས།
གཙུག་སྡེ་དང་ ལས་སྡེ་ཚུ་ སྲིད་ཀྱི་དབང་ལུ་ཐལ་ནིའི་ ཉེན་ཁ་ཡོད་མིའི་སྐོར་ལས་ བསྟན་འཛིན་ལེགས་འཕེལ་གྱིས་ སླབ་མིའི་ནང་ ད་ལྟོ་ ཞི་གཡོག་དང་ ལས་སྡེའི་འགོ་དཔོན་ཚུ་ སྲིད་ཚོགས་ནང་ འཛུལ་ཞུགས་འབད་མི་དེ་གིས་ གསལ་སྟོན་འབདཝ་མས་ཟེར་ཨིན་པས།
བཀྲིས་སྒང་ར་ལྡི་-སག་སྟེང་འདེམས་ཁོངས་ཀྱི་འདེམས་ངོ་ རྡོ་རྗེ་ཚེ་རིང་དང་ ཁྲིམས་ཤིང་-རྐང་པ་ར་འདེམས་ཁོངས་ཀྱི་འདེམས་ངོ་ ཨྱོན་རྡོ་རྗེ་དེ་ འཕྲལ་ཁམས་ཅིག་ཁར་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་དེ་ འབྲུག་མཉམ་རུབ་ཚོགས་པ་ནང་ འཛུལ་ཡོདཔ་ད་ བསྟན་འཛིན་ལེགས་འཕེལ་གྱིས་འབད་བ་ཅིན་ ཞི་གཡོགཔ་བགྲེསཔ་༢ ཚོགས་པ་གཞན་བཟུམ་ ཆེ་མཐོའི་གོ་གནས་ནང་མེན་ཟེར་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་ བཤད་མིའི་ནང་ གཞུང་གིས་ ཆེ་མཐོའི་ཞི་གཡོགཔ་ལ་ལོ་ཅིག་ ཧེ་མ་ལས་ར་ ཚོགས་པའི་ལྕོགས་གྲུབ་ཅན་གྱི་ འདེམས་ངོ་སྦེ་ ངོས་འཛིན་འབད་བཞག་ནུག་ཟེར་ཨིནམ་ད་ གཞུང་གིས་ དྲུང་ཆེན་དང་ རྫོང་བདག་དག་པ་ཅིག་ལུ་ ཚོགས་པའི་ཤོག་འཛིན་བྱིན་ནིའི་ ཁས་བླངས་འབད་བའི་ འཐོར་གཏམ་བྱུང་པའི་ཤུལ་ལས་ ལོ་༡ གི་ཧེ་མ་ལས་ ཁོང་རའི་ལཱ་དང་ འབྲེལ་བ་མེད་རུང་ མ་འོངས་རང་སོའི་ འདེམས་ཁོངས་ཚུ་ནང་ ལྟ་སྐོར་འབད་བར་ འཕྲལ་འཕྲལ་ར་ སོང་ཡོད་པའི་ ལོ་རྒྱུས་གོ་ཡོདཔ་ཨིནམ་བཞིན་དུ་ ད་ལྟོ་ འཐོར་གཏམ་དེ་ བདེན་པ་ལུ་ གྱུར་སོ་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
གཞུང་གིས་ ཞི་གཡོགཔ་མང་རབས་ཅིག་ འདེམས་ངོ་སྦེ་ གསལ་བསྒྲགས་འབད་མི་ལུ་བརྟེན་ ཚ་གྱང་ཅན་གྱི་ སྲོལ་ཁྱུན་ངན་པ་ཅིག་ལུ་ འགྱུརཝ་མས་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤད་པའི་ཁར་ མ་འོངས་པའི་ གཞུང་གིས་ཡང་ དེ་བཟུམ་འབད་བ་ཅིན་ ག་དེ་སྦེ་ འབད་ནི་ཨིན་ན་དང་ ཞི་གཡོགཔ་ཚུ་ལུ་ བློ་གཏད་ག་དེ་སྦེ་ བསྐྱེད་ཚུགས་ནི་སྨོ་ཟེར་ དྲི་བཀོད་འབདཝ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཁྲིམས་ཤིང་-རྐང་པ་རའི་འདེམས་ངོ་ བཅོ་ལྔ་ཚེ་རིང་དང་ ལྷུན་རྩེ་སྨན་སྦིས་-བཙན་མཁར་འདེམས་ངོ་ ཆོས་སྐྱིད་རྒྱལ་མཚན་༢ པོ་དེ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་འབདཝ་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པའི་ གཙོ་འཛིན་འོགམ་ བསོད་ནམས་སྟོབས་རྒྱས་ཀྱིས་ སྲིད་ཚོགས་ནང་ འཛུལ་ཞུགས་འབད་ནི་ལུ་ རང་སོའི་དལ་དབང་ཡོདཔ་ཨིན་རུང་ སྲིད་ཚོགས་ནང་ འཛུལ་ནི་ལུ་ ཁས་ལེན་འབད་བ་ཅིན་ གཞུང་གི་མཐུན་རྐྱེན་ཚུ་ ལོག་སྤྱོད་མི་འབད་ནིའི་དོན་ལུ་ དེ་འཕྲོ་ལས་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་དགོ་ཟེར་ བཤདཔ་ཨིན་པས།
ཚོགས་པ་དེ་ནང་ འཛུལ་ཞུགས་འབད་མི་ བཀྲིས་སྒང་ཁྲིམས་ཤིང་-རྐང་པ་རའི་འདེམས་ངོ་ སངས་རྒྱས་བསྟན་འཛིན་དང་ ར་ལྡི་-སག་སྟེང་གི་འདེམས་ངོ་ བསྟན་རྒྱ་མཚོ་༢ འཕྲལ་ཁམས་ཅིག་ཁར་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་ནུག།
རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བགྲེསཔ་ཅིག་གིས་ སླབ་མིའི་ནང་ གནད་དོན་དེ་ལུ་བརྟེན་ ཞི་གཡོགཔ་དང་ ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་ཚུ་གི་བར་ན་ མགུ་མཐུད་ནིའི་ ཉེན་ཁ་ཡོདཔ་མ་ཚད་ རང་མེད་རྣམ་དག་ཐོག་ལས་ བཙག་འཐུ་འབད་ནིལུ་ཡང་ ཐོ་ཕོག་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲིད་ཚོགས་ཚུ་གིས་ ཞི་གཡོགཔ་ཚུ་ འདེམས་ངོ་སྦེ་ ངོ་སྤྲོད་འབདཝ་ད་ གཞུང་གི་མཐུན་རྐྱེན་ཚུ་ སྲིད་དོན་ལུ་ ལོག་སྤྱོད་འབད་ནི་དང་ འགོ་དཔོན་ཚུ་གིས་ རང་སོའི་འགན་འཁྲི་ཚུ་ ལོག་སྤྱོད་དང་ ཉེ་རིང་ཕྱེ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༥ པའི་ཚེས་༡ ལུ་ ཚོགས་པའི་འདེམས་ངོ་ ངོ་སྤྲོད་འབད་བའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཚོགས་པའི་ནང་ དགོངས་ཞུ་འབད་མི་ ས་གནས་གཞུང་གི་ ཡོངས་ཁྱབ་དྲུང་ཆེན་དང་ རྫོང་བདག་ དེ་ལས་ དྲུང་པ་ཚུ་ཡོདཔ་ལས་ ཚོགས་པའི་ལྟ་བ་དང་གཞི་རྩ་ དབང་ཚད་ཕྱིར་སྤེལ་དེ་ ལྷག་པར་དུ་ སྒྲིང་སྒྲི་འགྱོ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་གསུངས་ཡི།
མི་སེར་དམངས་གཙོ་ཚོགས་པའི་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་རྒྱ་མཚོ་གིས་ གནད་དོན་ཐོག་ལུ་ ག་ནི་ཡང་ སླབ་མ་བཏུབ།
བརྡ་བརྒྱུད་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཟླ་རིམ་ཞལ་འཛོམས་ཐེངས་༣༦ པའི་ནང བློན་ཆེན་གྱིས་ ཚོགས་པའི་ནང་ འཛུལ་ནིའི་དོན་ལུ་ ཞི་གཡོགཔ་ཚུ་ལུ་ ཞུ་བ་འབད་མི་ལུ་ ཚོགས་པ་ནང་ ཐོ་བཀོད་མ་འབདཝ་ཚུན་ སྲིད་ཀྱི་དབང་ལུ་ མི་འགྱོ་ཟེར་བཤད་ནུག།
བློན་ཆེན་གྱིས་འབད་བ་ཅིན་ ཞི་གཡོགཔ་ཚུ་གིས་ ཚོགས་པ་ནང་ ཐོ་བཀོད་མ་འབདཝ་ཚུན་ ཚོགས་པའི་འཐུས་མི་དང་ རྒྱབ་སྐྱོར་པ་སྦེ་ བརྩི་ནི་མི་འོང་ཟེར་ཨིནམ་ད་ ཞི་གཡོགཔ་ཚུ་ དགོངས་ཞུ་འབད་དགོ་ཟེར་མི་དེ་ སྲིད་ནང་ལས་ ཐ་དད་སྦེ་ བཞག་ཐབས་ལུ་ཨིན་ཟེར་བཤད་ཡོད།
འདས་པའི་དྲི་བ་དྲིས་ལན་ནང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲགོས་ཀརྨ་ཚུལ་ཁྲིམས་ཀྱིས་ ད་ཚུན་གྱི་བར་ན་ ཞི་གཡོགཔ་ཕུད་རྡོག་གཅིག་གིས་ཡང་ སྲིད་དོན་ནང་ འཛུལ་ཞུགས་འབད་ནི་ཨིན་པའི་སྐོར་ སྙན་ཞུ་མ་ལྷོད་ཟེར་བཤད་ནུག།
ཁྲི་འཛིན་གྱིས་འབད་བ་ཅིན་ གལ་སྲིད་ ཞི་གཡོག་ནང་ ཕྱག་ཞུ་བའི་བསྒང་ཡོད་མི་ ཞི་གཡོགཔ་ཚུ་གིས་ ཚོགས་པའི་འདེམས་ངོ་སྦེ་ ངོ་སྤྲོད་འབད་བ་ཅིན་ ཁྲིམས་འགལ་ཨིནམ་ལས་ ལཱ་གཡོག་ནང་ལས་ བཏོན་གཏང་འོང་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *