ཞི་གཡོག་པའི་འཇོན་ཐངས་ལུ་ གཞི་བཞག་སྟེ་ གཞི་བཀོད་བཟོ་ནི།

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོགཔ་ཚུ་གི་ ལྕོགས་གྲུབ་ལུ་ གཞི་བཞག་ཐོག་ གཞི་བཀོད་ཅིག་ བཟོ་བའི་བསྒང་ཡོདཔ་ད་ ཞི་གཡོག་པའི་ལྕོགས་གྲུབ་དེ་ ཡོན་ཏན་དང་ རིག་རྩལ་ དེ་ལས་ འཇོན་ཐངས་༣ ཚང་མི་ལུ་ གོཝ་ཨིན་པས།
གཞི་བཀོད་དེ་ནང་ ཞི་གཡོགཔ་ངོ་རྐྱང་གི་ ལཱ་འགན་སྐོར་ལས་ རྒྱས་པར་འབྲི་ནི་དང་ ལྕོགས་གྲུབ་ཀྱི་ ས་གོ་དང་ ལྕོགས་གྲུབ་གཙོ་བོ་ དེ་ལས་ བྱ་སྤྱོད་བརྡ་མཚོན་ཚུ་ ཚུད་ནི་ཨིན་པས།
ལྷན་ཚོགས་ཀྱི་ མི་སྟོབས་འགོ་དཔོན་ སངས་རྒྱས་ཡེ་ཤེས་ ཀྱིས་ སླབ་མིའི་ནང་ གཞི་བཀོད་བཟོ་མི་དེ་ཡང་ ད་ལྟོའི་ ལས་སྡེ་ཚུ་གིས་ དགོས་མཁོ་དང་འཁྲིལ་ཏེ་ འགོ་འདྲེན་འཐབ་དོ་ཟེར་ཨིནམ་ད་ ཞིག་བཀོད་དེ་ བཟོ་ཚར་བའི་བསྒང་ལས་ དེའི་ཡིག་ཆ་དེ་ ལས་སྡེ་ནང་ ཁྱད་རིག་ཅན་ཅིག་སྦེ་ གནས་ནི་ཨིན་རུང་ རང་སོའི་ལས་སྡེའི་ དགོས་མཁོ་དང་བསྟུན་ དུས་མཐུན་གྱི་ བསྒྱུར་བཅོས་ཚུ་ འབད་བཏུབ་ཟེར་ བཤདཔ་ཨིན་པས།
འབྲུག་གི་ཞི་གཡོག་བཅའ་ཁྲིམས་༢༠༡༠ ཅན་མའི་ནང་ ལྷན་ཚོགས་ཀྱིས་ ཞི་གཡོག་པའི་ ལྕོགས་གྲུབ་དང་ འཇོན་ཐངས་ཚུ་ རྒྱུན་སྐྱོང་འབད་དགོཔ་སྦེ་ འཁོད་ཡོདཔ་ལས་ ལོ་བསྟར་བཞིན་དུ་ ལས་ཁུངས་ཁག་ལས་ཕར་ མི་སྟོབས་གོང་འཕེལ་དང་ ལྕོགས་གྲུབ་ཡར་རྒྱས་གཏང་ནིའི་དོན་ལས་ ཐོན་སྐྱེད་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ བགོ་བཀྲམ་འབད་དོ་ཡོདཔ་ཨིན་པས།
མི་སྟོབས་འགོ་དཔོན་གྱིས་ བཤད་མིའི་ནང་ ཐོན་སྐྱེད་ཚུ་ བགོ་བཀྲམ་འབད་དོ་ཡོདཔ་ཨིན་རུང་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ནའི་ ལམ་སྟོན་ཡིག་ཆ་ཅིག་མེད་མི་ལུ་བརྟེན་ ད་ལྟོ་ཚུན་ ཞི་གཡོགཔ་ཚུ་ལུ་ ནང་འཁོད་དང་ ཕྱི་ཁ་ལུ་ སྦྱོང་བརྡར་ཚུ་ བྱིན་པའི་སྐབས་ ཞི་གཡོག་པའི་ ལཱ་འགན་དང་ སྦྱོང་བརྡར་༢ རྟགས་མ་མཐུནམ་འགྱོ་དོ་ཡོདཔ་ལས་ ཐོན་སྐྱེད་མང་ཤོས་ར་ འཕྲོག་བརླག་འགྱོཝ་མས་ཟེར་ཨིན་པས།
ལས་རིམ་དེ་ནང་ ཞི་གཡོགཔ་ཚུ་གིས་ གོ་གནས་དང་ གནས་རིམ་ཆ་མཉམ་གྱི་དོན་ལས་ གཞི་བཀོད་དེ་བཟོ་ནི་ཨིནམ་བཞིན་དུ་ ལས་ཁུངས་དང་གཙུག་སྡེ་ རང་སོའི་འགན་དབང་དང་ དམིགས་ཡུལ་ཚུ་ལུ་ གཞི་བཞག་ནི་ཨིན་པས།
དེ་ལས་ དམིགས་ཡུལ་དེ་ འགྲུབ་ནིའི་དོན་ལས་ ལས་སྡེ་དེ་གི་ ལས་བྱེདཔ་ཚུ་གིས་ ག་ཅི་ར་འབད་དགོཔ་ཡོདཔ་ཨིན་ན་དང་ ཁོང་ལུ་ ལྕོགས་གྲུབ་དང་ རིག་རྩལ་ག་ཅི་བཟུམ་དགོཔ་ཡོདཔ་ཨིན་ན་ དེ་ལས་ སྦྱོང་བརྡར་ག་ཅི་དགོཔ་ཡོདཔ་ཨིན་ན་ བལྟ་ཞིནམ་ལས་ ལས་བྱེད་པའི་ གོ་གནས་དང་ གནས་རིམ་དོན་ལས་ ལྕོགས་གྲུབ་ཀྱི་ གཞི་བཀོད་བཟོ་སྟེ་ ཐོན་སྐྱེད་ཚུ་ བགོ་བཀྲམ་འབད་ནི་ཨིན་པས།
སངས་རྒྱས་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ལས་བྱེདཔ་ཚུ་ལུ་ རང་སོའི་གོ་གནས་དང་ གནས་རིམ་ལྟར་དུ་ དགོས་མཁོ་བའི་ རིག་རྩལ་དང་ ལྕོགས་གྲུབ་ཀྱི་དོན་ལུ་ སྦྱོང་བརྡར་ཚུ་ བྱིན་ནི་ཨིནམ་ལས་ དེ་དང་འཁྲིལ་ ལྷན་ཚོགས་ཀྱི་ ཁ་ཐུག་ལས་ ཐོན་སྐྱེད་ཚུ་ བགོ་བཀྲམ་འབད་ནིའི་ནང་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
དེ་མ་ཚད་ ད་ལྟོ་ ལས་བྱེདཔ་ཚུ་གི་ སྦྱོང་བརྡར་ཚུ་ ངོས་ལེན་འབད་ནི་དང་ འགོ་འདྲེན་འཐབ་ནིའི་ནང་ ལམ་ལུགས་ཚུལ་ལྡན་མེདཔ་ལས་ ལེགས་ཤོམ་བཟོ་ནིའི་དོན་ལུ་ཡང་ཨིན་པའི་ཁར་ ལས་སྡེ་དེ་ མཐར་འཁྱོལ་ཅན་འགྱོ་ནི་དེ་ ལས་བྱེདཔ་ཚུ་གིས་ ལྕོགས་གྲུབ་ལུ་ རག་ལས་ནི་ཨིནམ་ལས་ ལས་སྡེའི་དམིགས་དོན་ འགྲུབ་ནིའི་དོན་ལུ་ཨིན་ཟེར་ བཤདཔ་ཨིན་པས།
ཞི་གཡོགཔ་ཚུ་ རང་སོའི་ལས་འགན་ནང་ ཁྱད་རིག་ཅན་བཟོ་ནི་དང་ རིག་རྩལ་གོང་འཕེལ་གཏང་ནི་ཨིནམ་ལས་ ལས་གཡོག་གི་གནས་རིམ་ ཡར་སེང་འགྱོ་བའི་སྐབས་ གནས་རིམ་མཐོ་སུ་ཨིན་མིའི་ནང་ དགོས་མཁོ་བའི་རིག་རྩལ་དང་ ལྕགས་གྲུབ་ཚུ་ གོང་འཕེལ་གཏང་ནི་ཨིན་པས།
མི་སྟོབས་འགོ་དཔོན་གྱིས་ བཤད་མིའི་ནང་ གཞི་བཀོད་དེ་གིས་ ཁྱད་རིག་འཛིན་སྐྱོང་མེད་ཟེར་བའི་ ལམ་ལུགས་དེ་ལུ་ཡང་ ལྷན་ཐབས་འབད་འོང་ཟེར་ཨིནམ་ད་ དེ་ནང་ ལས་བྱེད་པའི་ ལས་དོན་བརྟག་ཞིབ་འབད་བའི་སྐབས་ ངོ་རྐྱང་གིས་ ལས་འཆར་དང་ བྱ་སྤྱོད་ལྕོགས་གྲུབ་༢ ཡོདཔ་ལས་ ཁྱད་རིག་འཛིན་སྐྱོང་གི་ དབྱེ་ཁག་དང་རྒྱབ་རྟེན་ ལྟ་རྟོག་པའི་དབྱེ་ཁག་༢ ནང་རྐྱངམ་གཅིག་ བྱ་སྤྱོད་ལྕོགས་གྲུབ་༢ ཡོདཔ་ད་ གནས་རིམ་ག་རའི་ ལྕོགས་གྲུབ་གཞི་བཀོད་ བཟོ་ཚར་བའི་བསྒང་ལས་ རང་སོའི་དམིགས་བསལ་གྱི་ ལྕོགས་གྲུབ་ལྟ་རྟོག་འབད་ཚུགས་ཟེར་ཨིན་པས།
སྤྱི་ཟླ་༨ པའི་ནང་ འགོ་བཙུགས་མི་ ལས་རིམ་གྱིས་ ད་ཚུན་ གསོ་བའི་སྨན་གཡོགམོ་དང་ ཤེས་རིག་ནང་ལས་ དབུ་འཛིན་དང་ ནགས་ཚལ་འགོ་དཔོན་ ཕྱི་མི་ནང་སྐྱོད་འགོ་དཔོན་ དངུལ་རྩིས་འགོ་དཔོན་དང་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ དེ་ལས་ བཟོ་རིག་འགོ་དཔོན་ཚུ་བརྩིས་ཏེ་ གནས་རིམ་༧ གྱི་ གཞི་བཀོད་ཚུ་ བཟོ་ཡོདཔ་ཨིན་རུང་ ད་ལས་ཕར་ གནས་རིམ་ཆ་མཉམ་གྱི་དོན་ལུ་ བཟོ་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *