ཞབས་ཏོག་མཁོ་སྤྲོད་འབད་མི་དང་ སྤྱོད་མི་༢ ཆ་ར་ལུ་ འགན་འཁྲི་ཡོདཔ།

༉ སྤྱི་ལོ་༢༠༡༢ ལུ་ རྒྱ་འབྲུག་གི་ ས་མཚམས་བདའ་སྟེ་ མི་ངན་ཚུ་གིས་ རྒྱལ་ཁབ་ནང་ འབྲུག་མི་བཙན་ཁྲིད་འགོ་དང་པ་ འབད་བའི་སྐབས་ལུ་ ཉམས་རྒུད་པའི་ བཟའ་ཚང་དང་ ཉེ་ཚན་ཚུ་ལས་ སྲོག་རིན་ལེན་ནིའི་དོན་ལུ་ འབྲུག་པའི་འགྲུལ་འཕྲིན་གྱི་ སིམ་ཀཱཌ་ཚུ་ ལག་ལེན་འཐབ་ཡོདཔ་ཨིན་མས།
དེ་མ་ཚད་ ང་བཅས་ཀྱི་མི་ཚུ་ བཙན་ཁྲིད་འབད་ཚུགས་མི་དེ་ཡང་ ས་མཚམས་ཕྱི་ནང་ལུ་ ཉེས་འབྲེལ་བ་ཚུ་དང་ འབྲུག་པའི་སིམ་ཀཱཌ་ཐོག་ལས་ འབྲེལ་བ་འཐབ་མི་ལུ་བརྟེན་ཨིན་པའི་ བདེན་རྟགས་ཐོན་ནུག།
འདི་འབདཝ་ལས་ སྤྱི་ལོ་༢༠༡༢ ཟླ་༡༠ པ་དང་༡༡ པའི་ནང་ གསར་སྤང་ལས་ གླ་འཁོར་གྱི་ དེད་གཡོགཔ་ཅིག་དང་ སོ་ནམ་པ་ཅིག་ བཙན་ཁྲིད་འབད་བའི་ འབྲེལ་གནད་ལུ་བརྟེན་ སྤྱི་ལོ་༢༠༡༣ ཟླ་༡༠ པའི་ནང་ གསར་སྤང་རྫོང་ཁག་རྒྱ་འབྲུག་གི་ མི་༡༣ ལུ་ བཙོན་ཁྲིམས་ལོ་༣ དང་༣༨ ཀྱི་བར་ན་བཀལ་ནུག།
ཉེས་འབྲེལ་བ་ཚུ་ འཛིན་བཟུང་འབད་བའི་སྐབས་ ཁྲིམས་སྲུང་འགག་པ་གིས་ རྩོད་ཟླ་༡ ལས་ འབྲུག་འཕྲིན་གྱི་ སིམ་ཀཱཌ་༧ འཕྱོག་བཟུང་འབད་ཡོདཔ་མ་ཚད་ བཙན་ཁྲིད་པ་ཚུ་ལུ་ སིམ་ཀཌ་གསརཔ་དག་པ་ཅིག་ མཁོ་སྤྲོད་འབད་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་མས།
ཉེས་ལས་འཐབ་མི་ཚུ་ལུ་ འཁྲུན་ཆོད་གནངམ་ད་ རྒྱལ་ཁབ་ནང་ འགྲུལ་འཕྲིན་གྱི་ ཞབས་ཏོག་མཁོ་སྤྲོད་འབད་མི་ འབྲུག་བརྒྱུད་འཕྲིན་དང་ བཀྲིས་བརྒྱུད་འཕྲིན་ལས་སྡེ་༢ ལུ་ སིམ་ཀཌ་མཁོ་སྤྲོད་འབདཝ་ད་ ཉེན་སྲུང་གི་ ལམ་ལུགས་ཚུ་ ཁྲིམས་འདུན་ལུ་ ཕུལ་དགོ་པའི་ བཀའ་རྒྱ་གནང་སྟེ་ཡོདཔ་ཨིན།
ཁྲིམས་འདུན་གྱིས་ བཙན་ཁྲིད་དང་འབྲེལ་བའི་ སྙན་གསན་མཛདཔ་ད་ འབྲུག་བརྒྱུད་འཕྲིན་དང་ བཀྲིས་བརྒྱུད་འཕྲིན་གྱིས་ ཕྱི་མི་ཚུ་ལུ་ བཀག་འཛིན་ག་ནི་ཡང་མེད་པར་ འབྲུག་པའི་སིམ་ཀཌ་འཇམ་ཏོང་ཏོ་སྦེ་ སྤྲོད་མི་དེ་གིས་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་ལུ་ གནོད་ཉེན་སྦོམ་ བཀལ་ཡོདཔ་ལས་ ཉེན་སྲུང་ལམ་ལུགས་ དམ་སྒྲིང་བཟོ་དགོ་པའི་ བཀའ་རྒྱ་གནང་ནུག།
འདི་འབདཝ་ད་ ཞབས་ཏོག་མཁོ་སྤྲོད་འབད་མི་དང་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་གིས་ ཁྲིམས་ཀྱི་བཀའ་རྒྱ་ལུ་ གནས་ཡོདཔ་ཨིན་ན?
ལོ་ངོ་༢ ཀྱི་རྒྱབ་ལས་ དགེ་ལེགས་ཕུག་ཁྲིམས་འདུན་གྱིས་ ཕོ་སྐྱེས་༣ ལུ་ སིམ་ཀཌ་དང་འབྲེལ་བའི་ རྩོད་དོན་ལུ་བརྟེན་ བཙོན་ཁྲིམས་ཟླཝ་༦ རེ་ བཀལ་མི་དེ་ཡང་ ཁོང་གིས་ སྤྱི་ལོ་༢༠༡༤ ལུ་ འབྲུག་པའི་སིམ་ཀཌ་ཚུ་ ས་མཚམས་ཕྱི་ཁའི་ མི་ཚུ་ལུ་ བཙོང་ནི་དེ་གིས་ཨིན་མས།
རྩོད་ཟླ་༢ ཀྱིས་ ཁོ་ར་དང་ ཉེ་ཚན་ཚུ་གི་ མིང་ཐོ་ལུ་ སིམ་ཀཱཌ་༡༧ ཉོ་ཞིནམ་ལས་ ས་མཚམས་ཀྱི་ཕྱི་ཁར་སྡོད་མི་ རྒྱ་གར་གྱི་ མི་ཚུ་ལུ་ བཙོང་ཡོདཔ་བཞིན་དུ་ ཁོང་གིས་ འབྲུག་པའི་དེད་གཡོགཔ་༢ བཙན་ཁྲིད་འབད་བའི་ཤུལ་ལུ་ སིམ་ཀཌ་དེ་ཚུ་ ལག་ལེན་འཐབ་སྟེ་ དེད་གཡོགཔ་དེ་༢ ཀྱི་ གནས་ཚང་ཚུ་ལུ་ སྲོག་རིན་སྤྲོད་དགོ་པའི་ མཁོ་འདོད་བཀོད་ནུག།
དེ་མ་ཚད་ འཕྲལ་ཁམས་ཅིག་ཁར་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ རྒྱ་གར་ཨ་སམ་མངའ་སྡེའི་ ཁྲིམས་སྲུང་འགག་པ་ལས་ ས་མཚམས་ཀྱི་ཕྱི་ཁར་ བཙན་ཁྲིད་འབད་བའི་ གནད་དོན་ཅིག་ནང་ སྲོག་རིན་སྤྲོད་དགོ་པའི་ མཁོ་འདོད་བཀོད་ནིའི་དོན་ལུ་ འབྲུག་པའི་སིམ་ཀཌ་ ལག་ལེན་འཐབ་པའི་ སྙན་ཞུ་ཐོབ་ནུག།
མ་གཞི་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་མི་དེ་ནང་ བཙན་ཁྲིད་འབད་མི་དང་ ཉམས་རྒུདཔ་གཉིས་ཆ་ར་ རྒྱ་གར་གྱི་མི་ཁུངས་ཨིན་རུང་ སྲོག་རིན་དགོ་པའི་སྐོར་ བཙན་ཁྲིདཔ་ཚུ་གིས་ གསར་སྤང་གི་ཉེ་འདབས་ལུ་ རྒྱ་འབྲུག་གི་མཚམས་ལས་ འབྲུག་གི་སིམ་ཀཱཌ་ ལག་ལེན་འཐབ་ཐོག་ལས་ བརྒྱུད་འཕྲིན་བཏང་ཡོདཔ་ཨིན་མས།
སིམ་ཀཱཌ་དེ་ ཀྲོང་གསར་ལས་ཨིན་མི་ དགེ་སློང་ཅིག་གི་ཨིན་པའི་ ངོས་འཛིན་བྱུང་ཡོད་རུང་ དགེ་སློང་གིས་ སིམ་ཀཱཌ་དེ་ ལོ་༣ གྱི་ཧེ་མ་ལས་ བྱང་སྟོར་ཤོར་སོ་ནུག་ཟེར་ཨིན་མས།
འདི་བཟུམ་མའི་ བྱུང་རྐྱེན་ཚུ་ལུ་ལྟཝ་ད་ ཞབས་ཏོག་མཁོ་སྤྲོད་འབད་མི་ཚུ་གིས་ འགྲུལ་འཕྲིན་ལག་ལེན་པ་ཚུ་ལུ་ ཁྲིམས་ཀྱི་བཀའ་རྒྱ་ཚུ་ སྣང་མེད་བསྐྱུར་ཏེ་ ནན་ཞིབ་ག་ནི་ཡང་ མ་འབད་བར་ སིམ་ཀཱཌ་ མཁོ་སྤྲོད་འབད་དོ་ཡོདཔ་མ་ཚད་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་གི་ ཁ་ཐུག་ལས་འབད་རུང་ བཀའ་རྒྱ་དང་འཁྲིལ་ དང་ལེན་འབད་མི་འབད་ རྗེས་དཔྱད་འབད་ནི་མེད་པའི་ བརྡ་མཚོན་སྟོནམ་མས།
ཨིན་རུང་ འགྲུལ་འཕྲིན་གྱི་ ཞབས་ཏོག་མཁོ་སྤྲོད་འབད་མི་དང་ སྤྱོད་མི་༢ ཆ་ར་ལུ་ འགན་འཁྲི་ཡོདཔ་ལས་ ཁེ་སང་ལུ་མེན་པར་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ ཉེན་སྲུང་གི་ ཐུགས་བཞེད་གནང་དགོཔ་དེ་ གལ་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

འགན་ཁུར་དང་བསྟུན་པའི་ ཁས་བླངས་འབད་དགོཔ།

༉ རྒྱལ་ཁབ་ཀྱི་གནས་སྟངས་ནང་ མདུན་ལམ་བཟང་དོ་ཡོདཔ་ལས་ ད་རེས་ སྲིད་ཀྱི་གྱུར་བ་ཚུ་ ག་དེ་སྦེ་ར་ འགྱོ་དོ་ཡོདཔ་ཨིན་ན་ མཐོང་གསལ་ཆེ་བས། མི་དབང་མངའ་བདག་རིན་པོ་ཆེའི་ གསེར་ཁྲི་རྩ་བ་ལས་ གནང་མིའི་གསོལ་རས་དེ་ ད་ལྟོ་ ང་བཅས་མི་སེར་ཚུ་གིས་ བདག་འཛིན་འཐབ་དང་ འཐབ་བཞིན་དུ་ཡོད། …

Leave a Reply

Your email address will not be published. Required fields are marked *