ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་དེ་ སག་སྟེང་ལས་ བློན་པོ་དང་པ་ཨིནམ།

༉ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་ཁོ་ར་ ཞབས་ཏོག་ལྷན་ཁག་ནང་ ལོ་༡༢ ཀྱི་རིང་ ལཱ་འབད་བའི་ ཉམས་མྱོང་ཡོད་མི་ལུ་བརྟེན་ ལྷན་ཁག་གི་ མཁས་མཆོག་ཚུ་དང་གཅིག་ཁར་ ལཱ་འབད་བའི་སྐབས་ ཁེ་ཕན་འབྱུང་ནི་གི་ རེ་བསྐྱེད་དོ་ཡོདཔ་ཨིན་པས།
བློན་པོ་ལུ་ ཉམས་མྱོང་ཡོད་མི་ལུ་བརྟེན་ ཡིག་ཚང་ནང་ འཛུལ་ཞུགས་འབད་བའི་ ཉིནམ་དང་པ་ལས་ར་ ལྷན་ཐབས་འབྱུང་ནི་ཨིནམ་མ་ཚད་ ལྷན་ཁག་གི་ གཙོ་རིམ་ཚུ་ དམིགས་དོན་དང་ མཁས་མཆོག་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་ གྲོས་ཐག་བཅད་འོང་ཟེར་ བློན་པོ་རྡོ་རྗེ་ཚེ་རིང་གིས་ བཤདཔ་ཨིན་པས།
ང་ར་ སྲིད་དོན་ནང་ བཅའ་མར་གཏོགས་ཏེ་ ད་རེས་འབདཝ་ད་ ལོ་༡ ལང་ཡོདཔ་ལས་ ལྷན་ཁག་གི་ གནས་སྟངས་ཚུ་ བསྒྱུར་བཅོས་འགྱོ་འགྱོཝ་འོང་ཟེར་ ཞབས་ཏོག་བློན་པོ་གིས་ བཤད་པའི་ཁར་ ལཱ་དང་ ལས་རིམ་ཚུ་ནང་ ལགཔ་བཙུགས་ནི་མེན་པར་ དང་པ་ར་ ཁོ་ལུ་ ལྷན་ཁག་གིས་ གསལ་བཤད་དང་ མཁས་མཆོག་ཚུ་གིས་ སླབ་མི་ཚུ་ ལེགས་ཤོམ་སྦེ་ ཉན་ཞིནམ་ལས་ ཐག་བཏོག་ནི་མ་གཏོགས་ རང་རྐྱང་གིས་ མི་འབད་ཟེར་ བཤད་ཡོདཔ་ད་ ལྷན་ཁག་ནང་ སྡེ་ཚན་སྒྲིང་སྒྲི་ཡོད་ཟེར་ཨིན་པས།

ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ སྐྱེས་ལོ་༣༩ ལང་མི་ རྡོ་རྗེ་ཚེ་རིང་ཁོ་ར་ བློན་པོའི་བདག་རྐྱེན་ཞུ་བའི་ ཉིནམ་དེ་ནང་ སེམས་དགའ་ནི་ལས་བ་ལྷགཔ་སྦེ་ བཟོད་མ་ཚུགས་པའི་ ཚོར་བ་བྱུང་ཡོདཔ་བཞིན་དུ་ བཙག་འཐུའི་ལས་རིམ་དེ་གིས་ ལྕོགས་གྲུབ་ཅན་ཅིག་ བཟོ་མི་དེ་ ལེགས་ཤོམ་ཅིག་ ཨིན་མས་ཟེར་ བཤད་ཡོདཔ་ད་ གལ་སྲིད་ བཙག་འཐུ་ག་ནི་ཡང་ མ་འབད་བར་ བློན་པོ་འབད་བ་ཅིན་ ངར་འཛིན་དང་ རང་འདོད་ཅན་ཨིནམ་སྦེ་ སྐྱོན་བརྗོད་འབད་ནིའི་ འོས་འབབ་མཐོངམ་མས་ཟེར་ ཞབས་ཏོག་བློན་པོ་གིས་ བཤདཔ་ཨིན་པས།
ཞབས་ཏོག་བློན་པོ་དེ་ སག་སྟེང་ལས་ བློན་པོ་འགོ་དང་པ་ཨིནམ་ལས་ ཁོ་ལས་ལྷག་སྟེ་ ར་ལྡི་-སག་སྟེང་གི་ མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ད་ ཁོང་རའི་འཐུས་མི་ རྡོ་རྗེ་ཚེ་རིང་དེ་ བློན་པོ་སྦེ་ བསྐོས་ནི་གི་ གནས་ཚུལ་གོཝ་ཅིག་ མི་༥༠ དེ་ཅིག་ ཁ་དར་གྱི་ ལས་རིམ་མ་རན་པའི་ ཉིནམ་༣ གྱི་ཧེ་མར་ ཐིམ་ཕུག་ལུ་ འོང་ཡོདཔ་ཨིན་པས།
དེ་མ་ཚད་ རྡོ་རྗེ་ཚེ་རིང་དེ་ ཁོ་རའི་གཡུས་ཁ་ལས་ བཟོ་རིག་འགོ་དཔོན་དང་པ་ཨིནམ་ལས་ ས་གནས་ཀྱི་ མི་ག་ར་གིས་ ཁོ་གི་སྐོར་ལས་ ཤེས་རྟོགས་བྱུང་སྟེ་ཡོདཔ་ད་ བློན་པོ་གིས་ སླབ་མིའི་ནང་ གཞུང་གསརཔ་དབུ་བརྙེས་པའི་སྐབས་ སྲིད་དོན་ཚོགས་པ་གཞན་ལུ་ རྒྱབ་སྐྱོར་འབད་མི་ཚུ་ཡང་ བརྩི་སྲུང་འབད་བར་ འོང་ཡི་ཟེར་ཨིན་པས།
བཙག་འཐུའི་གྲུབ་འབྲས་གསལ་སྟོན་འབད་ཚར་ཡོདཔ་ལས་ མི་སྡེ་ནང་ སྲིད་དོན་ཚོགས་པའི་བར་ན་ དབྱེ་བ་ཕྱེ་ནི་ མི་འོང་ཟེར་ཞབས་ཏོག་བློན་པོ་གིས་ བཤད་པའི་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ བདག་རྐྱེན་ཞུ་ནིའི་ གོ་སྐབས་ཐོབ་ལས་ སྐལ་བ་བཟང་ཡི་ཟེར་ བཤདཔ་ཨིན་པས།
ཞབས་ཏོག་བློན་པོ་ ལྷན་རྒྱས་གདན་ས་ལུ་ བདག་རྐྱེན་མ་ཞུ་བའི་ ཉིནམ་༣ གྱི་ཧེ་མར་ སྤོ་བཤུད་འབད་ཡོདཔ་ད་ ཁོ་རའི་ བཟའ་ཚང་དང་ ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བདག་རྐྱེན་གྱི་དོན་ལུ་ གྲ་སྒྲིག་འབད་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བློན་པོའི་གོ་གནས་ཀྱི་ མིང་ཐོ་གསལ་སྟོན་འབད་བའི་ཤུལ་ལུ་ དེ་འཕྲོ་ལས་ ལྷན་རྒྱས་གདན་ས་ལུ་ སྤོ་དགོཔ་བྱུང་ཡི་ཟེར་ཨིནམ་ད་ གལ་སྲིད་ ཉིན་གྲངས་༡༠ དང་ བདུན་ཕྲག་༡ དེ་ཅིག་ཡོད་པ་ཅིན་ དུས་ཚོད་དང་བསྟུན་འབད་ནི་ཨིན་རུང་ འཚབ་འཚབ་རིལ་རི་ འབད་དགོཔ་བྱུང་ཡི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *