༉ མོང་སྒར་ སི་ལམ་སྦིས་སྤྱི་འོག་ནང་ སྤྱི་ལོ་༢༠༡༥ ལས་འགོ་བཙུགས་ སྨན་ཁང་སྡེ་རིམ་༢ པ་བཟོ་སྐྲུན་འབད་མི་དེ་ སྤྱི་ལོ་༢༠༡༦ ཟླཝ་༡༡ པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ བཟོ་སྐྲུན་འབད་མ་ཚར་མི་ལུ་བརྟེན་ ཉེས་ཆད་ཕོག་ནི་ཨིན་པས།
ནདཔ་བཞག་ཁང་དང་ སྨན་བཅོས་ཁང་ སྨན་ལེན་སའི་ཁང་མིག་ སྨན་གཡོག་པའི་ཁང་མིག་ དེ་ལས་ སྒོ་༢ འབད་མི་ གསང་སྤྱོད་ཚུ་ ཧ་ལམ་མཇུག་བསྡུ་ནི་གུ་ ལྷོད་ཡོདཔ་ཨིན་པས།
ཨིན་རུང་ ཐོག་ཚད་༡ འབད་མི་ སྨན་ཁང་གི་གདོང་ཁ་ལས་ གྱང་རྩིག་རྐྱབ་ནི་དང་ ས་སྙོམས་ཏོག་ཏོ་བཟོ་ནི་ དེ་ལས་ ཆུ་གཡུར་སེལ་ནི་ཚུ་ ལུས་ཡོདཔ་ཨིན་པས།
ཁག་འབགཔ་རྣམ་རྒྱལ་ཚེ་རིང་གིས་ ཁང་མིག་ཚུ་ནང་ གློག་ཐག་སྤྲིང་ནི་ལས་འགོ་བཙུགས་ ལཱ་ཚུ་མཇུག་བསྡུ་ཡོད་རུང་ ལཱ་ཕྱམ་ཕྱིམ་ གྱང་རྩིག་རྐྱབ་ནི་དང་ གཡུར་བ་བཟོ་ནི་ དེ་ལས་ མཐའ་འཁོར་ཚུ་ སྙོམས་ཏོག་ཏོ་བཟོ་དགོཔ་ཡོད་ཟེར་བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མ་གཞི་ སྨན་ཁང་སྡེ་རིམ་༢ པ་བཟོ་སྐྲུན་འབད་ནིའི་དོན་ལུ་ རིན་བསྡུར་ལས་ཐོབ་མི་དེ་ བཟང་སྐྱོང་ཁག་འབགཔ་ཨིན་རུང་ བཟང་སྐྱོང་ཁག་འབགཔ་གི་འོག་ལས་ ལས་འགུལ་སྦེ་ལེན་ཏེ་ བཟོ་སྐྲུན་འབད་ཡི་ཟེར་ཨིན་པས།
ཁྱིམ་བཟོ་སྐྲུན་གྱི་ལས་འགུལ་དེ་ ལོ་༡ གི་དོན་ལུ་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༥ ཟླཝ་༡༠ ལས་འགོ་བཙུགས་ སྤྱི་ལོ་༢༠༡༦ ཟླཝ་༡༡ པ་ཚུན་ལུ་ གཞུང་ལས་ མ་དངུལ་ས་ཡ་༦ ལྷགཔ་ཅིག་ལེན་ནི་ཡོདཔ་ཨིན་པས།
རྫོང་ཁག་ལས་ བཟོ་རིག་འགོ་དཔོན་ པ་དམ་གྱིས་ སླབ་མིའི་ནང་ ཁག་འབགཔ་དེ་གིས་ དུས་ཚོད་ཁ་བཟོ་སྐྲུན་འབད་མ་ཚུགསཔ་ལས་ ལམ་ལུགས་དང་ རྩ་ཕན་༢ ཀྱི་བར་ན་ གན་ཡིག་ནང་ འཁོད་དོ་བཟུམ་སྦེ་ ཉེས་ཆད་ཕོག་ཟེར་ཨིན་པས།
མ་གཞི་ སི་ལམ་སྦིས་རྒེད་འོག་འདི་ རྫོང་ཁག་ལས་ མཐའ་ཟུར་ཨིན་པའི་ཁར་ རྒེད་འོག་ལྟེ་བའི་ལམ་ཡང་ ལྷོད་དེ་ལོ་གངམ་མ་སོངམ་ལས་ ས་རུད་ཆད་མི་དང་ ཆུ་རུད་ དེ་ལས་ ཆརཔ་གིས་ གནོད་སྐྱོན་རྐྱབ་ཡོདཔ་ལས་ བཟོ་སྐྲུན་འབད་ནིའི་ ཅ་ཆས་ཚུ་ དུས་ཚོད་ཁར་ སྤྱོད་མ་ཚུགས་ཟེར་ བཟོ་རིག་འགོ་དཔོན་གྱིས་ སླབ་ཨིན་པས།
དེ་བཟུམ་སྦེ་ ཁག་འབགཔ་ རྣམ་རྒྱལ་ཚེ་རིང་གིས་ སླབ་མི་དང་འཁྲིལ་རུང་ གཞན་དལ་གཞི་ བཟང་སྐྱོང་ཁག་འབགཔ་གིས་ ཅ་ཆས་ཚུ་ དུས་ཚོད་ཁར་ བསྐྱལ་ཚུགས་པ་ཅིན་ དུས་ཚོད་ལུ་ བཟོ་སྐྲུན་འབད་ཚར་ཚརཝ་འོང་ཟེར་ཨིན་པས།
རྣམ་རྒྱལ་ཚེ་རིང་གིས་ འབད་བ་ཅིན་ མཐའ་འཁོར་བཟོ་སྐྲུན་གྱི་ལཱ་ཚུ་ བྱེམ་དང་ རྩི་ས་ལྷོད་མ་ཚུགསཔ་ལས་ ཐོགས་ལུས་ཡོདཔ་མ་གཏོགས་ བྱེམ་དང་ རྩི་ས་ཚུ་ འཕྲལ་མགྱོགས་སྦེ་ལྷོད་པ་ཅིན་ ཟླ་ངོ་༡ ནང་ ལཱ་མཇུག་ཚུགས་ཟེར་ ཨིན་པས།
སྨན་ཁང་དེ་ བཟོ་སྐྲུན་འབད་ཚར་བའི་ཤུལ་ལས་ སི་ལམ་སྦིས་སྤྱི་འོག་དང་ དག་སྤྱི་འོག་གི་ མི་སེར་ཚུ་ལུ་ ཕན་ཐོགས་ནི་ཨིནམ་ད་ སྨན་ཁང་དེ་ སི་ལམ་སྦི་སློབ་རིམ་ཆུང་བའི་ ཉེ་འདབས་ལུ་ ཆགས་ཏེ་འདུག།
ད་ལྟོ་ཚུན་གྱི་བར་ན་ སྤྱི་འོག་དེ་༢ ནང་ སྨན་ཁང་མེདཔ་ལས་ ནདཔ་ཚབས་ཆེན་འཐོན་པའི་སྐབས་ སྒལ་ཏོ་ཁར་འབག་སྟེ་ ཉིན་གྲངས་༡ ལྷགཔ་ཅིག་གི་རིང་ རྐང་སྟོང་འགྱོ་དོ་ཡོདཔ་མ་ཚད་ ནདཔ་ཚུ་ སྨན་ཁང་ནང་ མ་ལྷོདཔ་ལས་ ཤི་རྐྱེན་བྱུང་མི་ཡང་ ལེ་ཤ་ར་ ཐོན་ཡོདཔ་ཨིན་པས།
ད་རེས་ནངས་པར་ སྤྱི་འོག་༢ ཀྱི་དོན་ལུ་ གྲོང་གཡུས་སྨན་པ་ཟེར་ བསྐོར་རྒྱབ་ཐོག་ལས་ མི་༡ གིས་ མི་སེར་ཚུ་ལུ་ ཞབས་ཏོག་ཞུ་དོ་ཡོདཔ་ ཨིན་པའི་གནས་ཚུལ།
སི་ལམ་སྦིས་ལས་ བཀྲིས་ཕུན་ཚོགས།