ཞག་དུས་གཅིག་ལས་ གཉིས་གུ་བཀལ་ནི་ཚུ་ ཁྲིམས་མཐུན་ཨིན་ན?

༉ བཟོ་སྐྲུན་གྱི་ ལཱ་ག་ཅི་ར་འབད་རུང་ ཁག་འབགཔ་ཚུ་ལུ་སྤྲོདཔ་ད་ ལཱ་འགོ་བཙུགས་དང་ མཇུག་བསྡུའི་དུས་ཡུན་ གསལ་བཀོད་འབད་ཐོག་ལས་ ཁ་ཚིག་བཟོ་ནི་དེ་ འབྲུག་ལུ་རྐྱངམ་གཅིག་མེན་པར་ སྤྱིར་བཏང་འཛམ་གླིང་རྒྱལ་ཁབ་ཚུ་ནང་ ལམ་ལུགས་ཅིག་ཨིན།
བཟོ་སྐྲུན་ཟེརཝ་ད་ ལམ་སེལ་དང་ བཟོ་སྐྲུན་གྱི་རིགས་ག་ཅི་ར་ཨིན་རུང་ གཞུང་གིས་ རིན་བསྡུར་ཐོག་ལས་ ཁག་འབགཔ་ཚུ་ལུ་སྤྲོད་མི་ ཁག་འབག་ཐོག་ལས་འབད་མི་ ལཱ་ཚུ་ལུ་གོཝ་ཨིན།
གལ་སྲིད་ ཁག་འབགཔ་གིས་ བཟོ་སྐྲུན་གྱི་ལཱ་ ག་ཅི་ར་ཨིན་རུང་ ཞག་དུས་བྱིན་མིའི་ ནང་འཁོད་ལུ་ མཇུག་བསྡུ་མ་ཚུགས་པ་ཅིན་ གནས་སྟངས་དང་འཁྲིལ་ འབྲེལ་ཡོད་དབང་འཛིན་གྱིས་ ལན་ཐེངས་༡ དང་༢ དེ་ཅིག་ དུས་ཚོད་ཡར་སེང་འབད་དེ་ བྱིན་ནི་ཡོད་རུང་ ལན་ཐེངས་༣ འགྱོ་བའི་བསྒང་ལས་ ཁག་འབག་དེ་ ཆ་མེད་གཏང་ནི་དང་ ཉེས་བྱ་ཚུ་བཀལ་ནི་ཡོདཔ་ཨིན་མས།
འདི་འབདཝ་ད་ ཆུ་ཁ་དང་ འདམ་ཆུ་བར་ནའི་ ཕྲང་ལམ་དེ་ ཞག་དུས་༤ འབྱིད་སོ་རུང་ ད་ལྟོའི་བར་ན་ཡང་ མཇུག་བསྡུ་མ་ཚུགས་པར་ཡོདཔ་ལས་ བཟོ་སྐྲུན་འབད་མི་ཚུ་གིས་ ཁག་འབག་གི་ ལཱ་མཇུག་བསྡུ་མ་ཚུགསཔ་ད་ ཡུན་འགྱངས་ལུས་པའི་དཔེ་འདི་ འདམ་ཆུ་ཕྲང་ལམ་ལུ་ བཞག་ཐོག་ལས་ ཧད་འཕུལ་ནི་དེ་ ལམ་ལུགས་བཟུམ་ཅིག་ལུ་ གྱུར་སོ་ནུག།
འདམ་ཆུ་དང་ ཆུ་ཁའི་བར་ན་ ཕྲང་ལམ་སེལ་ནིའི་ལཱ་དེ་ ཌཱན་ཊག་ལས་འགུལ་གྱིས་ སྤྱི་ལོ་༢༠༡༠ ལུ་ འགོ་བཙུགསཔ་ལས་ དུས་ཡུན་ལོ་༣ ནང་ མཇུག་བསྡུ་དགོཔ་ཨིན་རུང་ ཞག་དུས་འབྱིད་དེ་ དུས་ཅི་འབདཝ་ད་ ལོ་༤ ལང་ཡོདཔ་ད་ འཕྲལ་གྱི་སྙན་ཞུ་དང་འཁྲིལ་པ་ཅིན་ ཕྲང་ལམ་དེ་ཁར་ སང་ཕོད་ལོ་ནང་མ་གཏོགས་ སྣུམ་འཁོར་རྒྱུན་འགྲུལ་འཐབ་མི་ཚུགས་ནི་བཟུམ་ ཡོདཔ་ཨིན་མས།
ཕྲང་ལམ་དེ་ ལོ་༣ གྱི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ ད་རེས་ ལོ་ངོ་༧ ལངམ་ད་ ནམ་མཇུག་བསྡུ་འོང་ག་ ཏན་ཏན་མེད་མི་ལུ་བལྟ་བ་ཅིན་ ཌཱན་ཊག་ལས་འགུལ་གྱིས་ ཞབས་ཏོག་ལྷན་ཁག་དང་ ལམ་སེལ་ལས་ཁུངས་ཀྱི་ཧོངས་ལས་ ཨུ་ཚུགས་མ་བསྐྱེད་མི་དང་ ཕྱིའི་ལས་འགུལ་ཅིག་ཨིན་ཟེར་ ག་ནི་ཡང་ མ་སླབ་པར་ བཞག་མི་ལུ་བརྟེན་ གོ་སྐབས་ལེན་ཡོདཔ་བཟུམ་མའི་ མཐོང་སྣང་བྱུངམ་མས།
འབྲེལ་ཡོད་དབང་འཛིན་ཚུ་གིས་ ནང་འཁོད་ཁག་འབགཔ་ཚུ་ལུ་ འཐུས་ཤོར་བྱུངམ་ད་ བཟོ་སྐྲུན་གྱི་ ཁྲིམས་ཡིག་དང་ ཁག་འབག་གི་ གན་རྒྱ་ཚུ་དང་འཁྲིལ་ ཉེས་བྱ་བཀལ་བ་གིས་མ་ཚད་ ཁྲིམས་ཀྱི་དང་ལེན་སྒྲིང་སྒྲི་འབདཝ་ཨིན་རུང་ ཌཱན་ཊག་ལས་འགུལ་ལ་སོགས་པའི་ ཕྱིའི་ལས་སྡེ་ཚུ་གི་ཐད་ལུ་ལྷོདཔ་ད་ བག་ལྷོད་ཀྱི་སྒོ་ལས་ ངོས་ལེན་འབད་བ་ཅིན་ དྲང་བདེན་དང་ འདྲ་མཉམ་མེད་པར་ ཕྱོགས་ལྷུང་འབད་དོ་བཟུམ་ཅིག་ འགྱོ་ནི་ཨིན་མས།
མ་གཞི་ ཌཱན་ཊག་ལས་འགུལ་གྱིས་ སྤྱི་ལོ་༡༩༦༠ རེ་གྲངས་ཀྱི་ སྔ་ཆ་ལས་ར་ འབྲུག་གི་ལོ་ལྔའི་གོང་འཕེལ་འཆར་གཞི་དང་པ་ འགོ་བཙུགས་ཞིནམ་ལས་ཚུར་ རྒྱལ་ཁབ་ནང་འཁོད་ལུ་ འཁོར་ལམ་སེལ་ནིའི་ནང་ འབྲེལ་གཏོགས་ཧྲིལ་བུ་འབད་ཡོདཔ་མ་ཚད་ འཁོར་ལམ་ལུ་བརྟེན་ འབྲུག་གི་མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་སྦོམ་འབད་ཡོདཔ་ལས་ ལས་འགུལ་དེ་ལུ་ བཀྲིན་བསམ་ནི་དེ་ཡང་ ག་ནི་བ་གལ་ཆེ།
འདི་འབདཝ་ད་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་དེ་ རྒྱལ་ཁབ་ཀྱི་ སྲོག་ལམ་བཟུམ་ཅིག་ཨིནམ་ལས་ གཞུང་གིས་ཆུ་ཁ་དང་ འདམ་ཆུའི་བར་ན་ ཕྲང་ལམ་སེལ་ནི་སྦེ་ ཐུགས་ཐག་བཅད་དེ་ ཁག་འབག་གི་ ལཱ་དེ་ཡང་ བློ་གཏད་སྦོམ་ཡོད་མི་ ཌཱན་ཊག་ལས་འགུལ་ལུ་ སྤྲོད་མི་དེ་ ལམ་སེལ་གྱི་ལཱ་ནང་ ཉམས་མྱོང་ཡོད་པའི་ཁར་ སྤུས་ཚད་ལས་བཅད་རུང་ ནང་འཁོད་ཀྱི་ ཁག་འབགཔ་ཚུ་ལས་ ཁོང་དྲག་མི་ལུ་བརྟེན་ཨིན་མས།
ཨིན་རུང་ ལས་འགུལ་དེ་གིས་ ཞག་དུས་དང་འཁྲིལ་ མཐར་འཁྱོལ་བྱུང་མ་ཚུགས་པར་ ལན་ཐེངས་༤ འཐུས་ཤོར་བྱུང་མི་དེ་ བཟོད་བསྲན་འབད་ཚུགསཔ་ཅིག་ཨིནམ་ལས་ འབྲེལ་ཡོད་དབང་འཛིན་གྱིས་ ཨུ་ཚུགས་ཐེབས་བསྐྱེད་དེ་ ལཱ་མཇུག་བསྡུ་བཅུག་དགོཔ་ད་ གལ་སྲིད་ ཞག་དུས་མཐའ་མའི་ནང་ མཇུག་བསྡུ་མ་ཚུགས་པ་ཅིན་ ཁག་འབག་གི་ ཁ་ཚིག་དང་ བྱ་སྒོའི་ལམ་ལུགས་དང་འཁྲིལ་ ཕྱིའི་ལས་འགུལ་ཨིན་ཟེར་ མ་བཞག་པར་ ཁྲིམས་ཀྱི་དང་ལེན་ དམ་སྒྲིང་འབད་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

ཚད་སྙོམས་མེད་པའི་ ནང་འཁོད་ཐོན་སྐྱེད་གནས་གོང་།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ དུས་ཚོད་ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ཨིན་ན་དེ་ འབྲེལ་ཡོད་མང་ཤོས་ཅིག་གིས་ ཧ་གོ་དང་ གོ་བཞིན་པ་ཡོད་རུང་ དེ་གི་ གདོང་ལེན་ཚུ་ ག་ཅི་ར་འབྱུང་འོང་ག་ དྲན་ཤེས་བཏོན་དགོཔ་དེ་ཡང་ ཁག་ཆེ་ནི་ཨིན་མས། …

Leave a Reply

Your email address will not be published. Required fields are marked *