ཝེ་རིང་ལ་དྲུང་ཁག་ནང་ བཟོ་རིག་འགོ་དཔོན་དང་ རྩིས་འཛིན་འགོ་དཔོན་གཏང་ནི།

༉ ཁ་ཙ་ མོང་སྒར་རྫོང་ཁག་ཚོགས་འདུ་གིས་ སི་ལམ་སྦིས་དང་ དགོངས་འདུས་རྒེད་འོག་༢ ཀྱི་དོན་ལུ་ གཞི་བཙུགས་གནང་མི་ ཝེ་རིང་ལ་དྲུང་ཁག་ནང་ བཟོ་རིག་འགོ་དཔོན་དང་ རྩིས་འཛིན་འགོ་དཔོན་༢ དགོཔ་སྦེ་ གྲོས་གཞི་ཕུལ་མི་དེ་ ཆ་འཇོག་འབད་ཡི།
སི་ལམ་སྦིས་རྒཔོ་ རྡོ་རྗེ་དབང་འདུས་ཀྱིས་ ཞུ་མིའི་ནང་ གཞུང་ཞབས་ལས་ རྒེད་འོག་༢ ཀྱི་ མི་སེར་ ཉམ་ཆུང་གི་ མཐའ་དོན་ལུ་གཟིགས་ཏེ་ སྤྱི་ལོ་༢༠༠༤ ལུ་ དམིགས་བསལ་གྱི་ དྲུང་ཁག་ཅིག་ གཞི་བཙུགས་གནང་ཞིནམ་ལས་ཚུར་ མི་སྡེ་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཞུ་ཡི།
ཨིན་རུང་ སྤྱི་ལོ་༢༠༡༣ ཚུན་ དྲུང་ཁག་ཡིག་ཚང་ཡོད་རུང་ དྲུང་པ་དང་ དྲང་དཔོན་ དེ་ལས་ ཡིག་ཚང་ནང་ ལས་བྱེདཔ་ཅིག་ཡང་མེད་པར་ སྟོང་ཧང་ཧ་སྦེ་ ལོ་དག་པ་ཅིག་གི་རིང་ ལུས་མི་དེ་ སྤྱི་ལོ་༢༠༡༦ ལུ་ ནང་ སྲིད་དང་ སྲོལ་འཛིན་ལྷན་ཁག་ དེ་ལས་ རྫོང་ཁག་བདག་སྐྱོང་གིས་ རྒྱབ་སྐྱོར་ཐོག་ དྲུང་པ་ཅིག་ གནང་ཡི་ཟེར་ཨིན་པས།
དྲུང་ཁག་ནང་ ཕྱག་ལཱ་གནང་ནིའི་དོན་ལུ་ དྲུང་པ་ལྷོད་ཞིནམ་ལས་ རྒེད་འོག་༢ ཀྱི་ མི་སེར་དང་ ཞི་གཡོགཔ་ དེ་ལས་ སློབ་དཔོན་ཚུ་གིས་ མི་སྡེའི་ཞབས་ཏོག་ག་དེ་སྦེ་ ཞུ་ནི་ཨིན་ན་ཚུ་ ལྟ་རྟོག་འབད་དེ་ མི་སྡེ་དཔལ་འབྱོར་ གོང་འཕེལ་བཏང་ཡོདཔ་མ་ཚད་ འཆར་གཞིའི་ལས་སྣ་དང་ ལས་རིམ་ཚུ་ ལེ་ཤ་ཡོད་རུང་ ད་ལྟོ་ཚུན་ དྲུང་པ་གི་འོག་ལས་ ངེས་པར་དུ་དགོ་པའི་ བཟོ་རིག་འགོ་དཔོན་དང་ རྩིས་འཛིན་འགོ་དཔོན་ཚུ་མེདཔ་ལས་ ཐད་ཀར་དུ་ ལཱ་འབད་ནི་ལུ་ ཐོགས་ལུས་ཡོད་ཟེར་ རྒཔོ་གིས་ཞུ་ཡི།
དགོངས་འདུས་རྒཔོ་གིས་ ཡིག་ཚང་ཡོད་དེ་འབད་རུང་ དེ་ཁར་ ལཱ་འབད་མིའི་ལས་བྱེདཔ་མེད་པ་ཅིན་ ཕན་ཐོགས་མེད་ཟེར་ རྒྱབ་སྐྱོར་སྦེ་ཞུ་ཡི།
དྲུང་པ་ བཀྲིས་བསྟན་འཛིན་གྱིས་ཡང་ མི་སེར་ཚུ་ལུ་ ཞབས་ཏོག་ལེགས་ལྡན་ ཞུ་ཚུགས་ཐབས་ལུ་ ལས་བྱེདཔ་དགོཔ་དེ་ ག་ནི་བ་ གལ་ཆེ་བས་ཟེར་ ཞུ་བ་འབད་ཡི།
མི་སེར་ཚུ་ལུ་ ཞབས་ཏོག་ཆུང་ཀུ་ཅིག་ ཕུལ་ནིའི་དོན་ལུ་ གནང་བ་ཞུ་བར་ ཝེ་རིང་ལ་དྲུང་ཁག་ལས་ རྫོང་ཁག་ ཚུན་ ཟད་འགྲོ་སྦོམ་བཏང་སྟེ་ འོང་དགོ་མི་གིས་ འཆར་གཞི་གོང་འཕེལ་གྱི་ ལས་སྣ་ཚུ་ ཐོགས་ལུས་དོ་ཡོདཔ་ལས་ དྲུང་ཁག་ཡོད་དེ་འབད་རུང་ དཀའ་ངལ་སེལ་མ་ཚུགས་པར་ ལུས་དོ་བཟུམ་ཅིག་ ཨིན་མས་ཟེར་ དྲུང་པ་བཀྲིས་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
རྒེད་འོག་གཉིས་ནང་ མི་སེར་ཉམ་ཆུང་ ལེ་ཤ་ཅིག་ར་ཡོདཔ་མ་ཚད་ གཞུང་གི་དམིགས་ཡུལ་དང་ སྲིད་བྱུས་འབད་རུང་ མི་སྡེ་གོང་འཕེལ་ འདྲ་མཉམ་བཟོ་ནི་དང་ ཡོདཔ་དང་མེད་པའི་ ཁྱད་པར་མེདཔ་བཟོ་ནི་དེ་ ཨིནམ་ལས་ དྲུང་ཁག་གི་ ལམ་ལུགས་དང་ སྒྲིག་གཞི་དང་འཁྲིལ་ ཞི་གཡོགཔ་ཚུ་ གནང་པ་ཅིན་ སྟབས་བདེ་ཏོག་ཏོ་ འགྱོ་ནི་མས་ཟེར་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་ བསོད་ནམས་བཀྲིས་ཀྱིས་ ད་ལྟོ་ཚུན་ དྲུང་ཁག་དང་ རྒེད་འོག་༡༧ ཚུ་ནང་ལས་ཕར་ བཟོ་རིག་དང་འབྲེལ་བའི་ལཱ་ཚུ་ རྫོང་ཁག་བདག་སྐྱོང་གིས་ འགོ་འདྲེན་འཐབ་སྡོད་ཅི་ཟེར་ཨིནམ་ལས་ དྲུང་ཁག་ནང་ བཟོ་རིག་འགོ་དཔོན་བཏང་རུང་ དཀའ་ངལ་མེདཔ་སྦེ་ཞུ་ཡི།
རྫོང་ཁག་རྩིས་འཛིན་འགོ་དཔོན་ ཚེ་རིང་གཡང་སྒྲོན་གྱིས་ རྩིས་འཛིན་འགོ་དཔོན་ གཏང་ནིའི་དོན་ལུ་ དྲུང་ཁག་ནང་ ཡོངས་འབྲེལ་གྱི་ མཐུན་རྐྱེན་དགོཔ་ཡོདཔ་ལས་ ཡོངས་འབྲེལ་གྱི་ མཐུན་རྐྱེན་གཞི་བཙུགས་འབད་དེ་ ཡོད་ནི་དེ་གིས་ རྩིས་འཛིན་འགོ་དཔོན་ གཏང་ནི་ཨིན་རུང་ རྫོང་ཁག་གིས་ གྲོས་ཆོད་བཏོན་མི་དེ་ དངུལ་རྩིས་ལྷན་ཁག་ལུ་ ཞུ་བ་ཕུལ་དགོ་ཟེར་ཨིན་པས།
གྲོས་བསྡུར་ཡུན་རིངམོ་སྦེ་ གནང་པའི་ཤུལ་ལུ་ ཁྲི་འཛིན་གྱིས་ མང་མོས་ཀྱི་ཐོག་ ལགཔ་འཐུ་ཐོག་ལས་ གྲོས་ཆོད་གྲུབ་ཡོདཔ་ད་ གྲོས་ཆོད་ཀྱི་ སྙན་ཞུ་དེ་ ས་གནས་གཞུང་གི་ ལས་ཁུངས་དང་ འབྲེལ་བ་ཡོད་པའི་ ལྷན་ཁག་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *