དགོངས་འདུས་རྒཔོ་གིས་ དོ་ལམ་དང་ དཀའ་འཐུས་སྐོར་ ཞུ་བ་འབད་བའི་བསྒང་།

ཝེ་རིང་ལ་དྲུང་ཁག་གི་ ཞི་གཡོགཔ་ཚུ་ལུ་ དོ་ལམ་དང་དཀའ་འཐུས་ འཕྲོ་མཐུད་འཐོབ་ནི།

༉ མོང་སྒར་ ཝེ་རིང་ལ་དྲུང་ཁག་འོག་གི་ སི་ལམ་སྦིས་དང་ དགོངས་འདུས་རྒེད་འོག་༢ ཀྱི་ ཞི་གཡོགཔ་ཚུ་གིས་ རྒེད་འོག་༢ ཀྱི་འཁོར་ལམ་ རྩི་ནག་མ་གཏང་ཚུན་ དོ་ལམ་དང་དཀའ་འཐུས་ ཐོབ་སྲོལ་ཡོད་མི་དེ་ འཕྲོ་མཐུད་དེ་ར་ འཐོབ་ནི་ཨིན་པས།
དེ་ཡང་ རྫོང་ཁག་ཚོགས་འདུ་ཐེངས་༥ པ་ འགོ་འདྲེན་འཐབ་པའི་སྐབས་ རྫོང་ཁག་རྩིས་འཛིན་འགོ་དཔོན་གྱིས་ རྒེད་འོག་༡༧ ནང་ སྣུམ་འཁོར་ལམ་ཚུ་ རྒེད་འོག་ལྟེ་བ་མ་ཚད ས་གནས་ཁག་ལས་ཕར་ ཁྱབ་ཡོདཔ་ལས་ དོ་ལམ་དང་དཀའ་འཐུས་ སྤྲོད་སྲོལ་ཡོད་མི་དེ་ བསྐྱར་བཟོ་དང་ དུས་མཐུན་བཟོ་སྟེ་ ཆ་མེད་གཏང་ནི་ཨིན་ཟེར་བའི་ གྲོས་གཞི་ཕུལ་ནུག།
རྩིས་འཛིན་འགོ་དཔོན་ ཚེ་རིང་གཡང་སྒྲོན་གྱིས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལན་ཐེངས་མང་རབས་ཅིག་ རྫོང་ཁག་བདག་སྐྱོང་ལུ་ དོ་ལམ་དང་དཀའ་འཐུས་ ཆ་མེད་བཏང་དགོ་པའི་ དྲན་གསོ་འབད་མི་དང་འཁྲིལ་ གྲོས་འཆར་ཕུལ་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སྣུམ་འཁོར་ལམ་གྱི་ མཐུན་རྐྱེན་ཡོད་པའི་ས་གནས་ཚུ་ནང་ དཀའ་འཐུས་དང་ དོ་ལམ་གྱི་ འཐུས་ཚུ་ ཐོབ་སྲོལ་མེད་རུང་ སྣུམ་འཁོར་ལམ་ལྷོད་མི་ དགོངས་འདུས་རྒེད་འོག་དང་ སི་ལམ་སྦིས་ རྩ་མང་ ན་རང་ དེ་ལས་ འགྱུར་མེད་རྒེད་འོག་ཚུ་ནང་ ལཱ་འབད་མི་གཞུང་གཡོགཔ་ཚུ་ལུ་ ད་ཚུན་ འཐུས་ཚུ་སྤྲོད་ཅི་ཟེར་ སླབ་ཨིན་པས།
གནད་དོན་དེ་གུ་ ཚོགས་འདུའི་འཐུས་མི་ཚུ་གིས་ རྒེད་འོག་༡༧ གྱིས་མ་ཚད་ ས་གནས་མཐའ་ཟུར་ལས་ཕར་ སྣུམ་འཁོར་ལམ་ ལྷོད་མི་དེ་ལུ་ འཐུས་མི་ཚུ་གིས་ ངོས་ལེན་འབད་རུང་ ཝེ་རིང་ལ་དྲུང་ཁག་འོག་གི་ སི་ལམ་སྦིས་དང་ དགོངས་འདུས་རྒེད་འོག་༢ ཀྱི་དོན་ལུ་ གཞུང་ལས་ ཐོབ་སྲོལ་ཡོད་མི་ དོ་ལམ་དང་ དཀའ་འཐུས་དེ་ འཕྲོ་མཐུད་གནང་དགོཔ་སྦེ་ དྲུང་པ་དང་ རྒཔོ་ཚུ་གིས་ གསལ་ཞུ་འབད་ཡི།
སི་ལམ་སྦིས་རྒཔོ་ རྡོ་རྗེ་དབང་ཕྱུག་གིས་ དྲུང་ཁག་འོག་གི་ རྒེད་འོག་༢ པོ་དེ་ རྒེད་འོག་ཚུ་གི་གྲས་ལས་ ལམ་ཐག་རིང་ཤོས་དང་ མཐའ་ཟུར་ཨིན་པའི་ཁར་ སྣུམ་འཁོར་ལམ་ཡང་ ལྷོདཔ་ཅིག་ཨིནམ་ལས་ སྣུམ་འཁོར་ལམ་ རྩི་ནག་མ་གཏང་ཚུན་ ཐོབ་ལམ་ཚུ་ འཕྲོ་མཐུད་གནང་དགོཔ་གལ་ཆེ་ཟེར་ སླབ་ཨིན་པས།
རྒཔོ་དང་འཁྲིལ་བ་ཅིན་ གལ་སྲིད་ ཞི་གཡོགཔ་ཚུ་གི་ དོ་ལམ་དང་དཀའ་འཐུས་ཚུ་ རྫོང་ཁག་གིས་ ཆ་མེད་ གཏང་པ་ཅིན་ མི་སེར་ཚུ་གི་དོན་ལུ་ ད་ལྟོ་ཚུན་ དཀའཝ་སྤྱད་དེ་ ཞབས་ཏོག་ཞུ་མི་ཚུ་གིས་ མཐུན་རྐྱེན་ལེགས་ཤོམ་ཡོད་པའི་ རྫོང་ཁག་དང་ རྒེད་འོག་ཚུ་ནང་ གནས་སོར་འགྱོ་ནི་དང་ དེ་གི་ཚབ་ ཐོབ་མ་ཚུགས་པའི་ དཀའ་ ངལ་འབྱུང་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ ཝེ་རིང་ལའི་ དྲུང་པ་བཀྲིས་བསྟན་འཛིན་གྱིས་འབད་བ་ཅིན་ མགར་ས་རྫོང་ཁག་དང་ གཞན་རྫོང་ཁག་ཚུ་ནང་ སྣུམ་འཁོར་ལམ་ལྷོད་པའི་གུ་ རྩི་ནག་བཏང་ཡོད་རུང་ དེ་ནང་ལཱ་འབད་མི་ ཞི་གཡོགཔ་ཚུ་ ད་ལྟོའི་བར་ན་ཡང་ དོ་ལམ་དང་དཀའ་འཐུས་ཚུ་ ཐོབ་སྲོལ་ཡོདཔ་ལས་ དྲུང་ཁག་འོག་གི་ ཞི་གཡོགཔ་ཚུ་གི་ དོན་ལུ་ ངེས་པར་དུ་ འཐོབ་དགོཔ་འདུག་ཟེར་ཨིན་པས།
རྒེད་འོག་ཚུ་ མཐའ་ཟུར་ཨིན་པའི་ཁར་ དབུལ་ཕོངས་ཀྱི་ དཀའ་ངལ་བྱུང་མི་ མི་སེར་ཉམ་ཆུང་ཙང་ཙ་ཨིནམ་ལས་ མི་སྡེའི་གོང་འཕེལ་ འདྲ་མཉམ་བཟོ་ཐབས་ཀྱི་དོན་ལུ་ ཞི་གཡོགཔ་ཚུ་ལུ་ དོ་ལམ་དང་ དཀའ་འཐུས་སྤྲོད་དགོཔ་འདུག་ཟེར་ ཨིན་པས།
ཆར་ཆུའི་སྐབས་ འཁོར་ལམ་ཆད་པའི་ཁར་ ཆུ་རུད་ཀྱིས་འཕྱགས་བདའ་མི་ལུ་བརྟེན་ ལམ་གྱི་གནས་སྟངས་ སྐྱོ་དྲགས་ཡོདཔ་ལས་ མི་སེར་ཚུ་ལུ་ ཞབས་ཏོག་མཁོ་སྤྲོད་འབད་ནིའི་དོན་ལུ་ བདུན་ཕྲག་ལས་བཅད་དེ་ རྐང་སྟོང་འགྱོ་དགོཔ་ཐོནམ་མས་ཟེར་ དྲུང་པ་བཀྲིས་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
དྲུང་ཁག་དང་ རྒེད་འོག་༢ ནང་ འཁོར་ལམ་རྩི་ནག་མ་གཏང་ཚུན་ ཞི་གཡོག་ཚུ་གི་ དོ་ལམ་དང་དཀའ་འཐུས་ཚུ་ འཐོབ་ནི་ཡོདཔ་ཅིག་སྦེ་ འཐུས་མི་ཡོངས་ཀྱིས་ རྒྱབ་སྐྱོར་འབད་དགོ་པའི་ དྲན་གསལ་འབདཝ་བཞིན་དུ་ མང་མོས་ཐོག་ལས་ གྲོས་ཆོད་བཏོན་གནང་ཡི།
རྫོང་ཁག་གིས་ གྲོས་ཆོད་བཏོན་མི་དེ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ཡིག་ཚང་ནང་ ཕུལ་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *