༉ ལོ་༡༠ གྱི་ཧེ་མར་ བཀྲིས་སྒང་ཁྲོམ་ནང་ མེ་རྐྱེན་ལུ་བརྟེན་ ཚོང་ཁང་༡༢ དང་ སྡོད་ཁྱིམ་ཚུ་ འཚིགས་པའི་ཤུལ་ལས་ ད་རེས་ ཁྲོམ་སྡེ་ཡར་རྒྱས་འགྱོ་བའི་བསྒང་ཡོདཔ་ཨིན་པས།
ཝམ་རོང་ཁྲོམ་དེ་ བཀྲིས་སྒང་ལས་ བསམ་གྲུབ་ལྗོངས་མཁར་ཁ་ཐུག་ ཀི་ལོ་མི་ཊར་༨༡ གི་ གཞུང་ལམ་ཁར་ ཆགས་ཏེ་ཡོདཔ་ད་ སྤྱི་ལོ་༡༩༨༠ གྱ་གྲངས་ལུ་ ཁྲོམ་དེ་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ཚུ་གི་དོན་ལུ་ ཚོང་འབྲེལ་འཐབ་སའི་ ས་གོ་གཙོ་ཅན་ཅིག་ཨིན་པས།
རི་སེར་བུ་སྤྱི་འོག་གི་ཚོགས་པ་ བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་ ཁྲོམ་དེ་ནང་ རྩི་སའི་སྒྲིང་ཁྱིམ་ཕུད་རྡོག་གཅིག་ཡང་ མེདཔ་ལས་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ཚུ་ ས་གནས་དེ་ཁར་ རང་གིས་ སྦ་སྒོར་རྐྱབ་ཐོག་ལས་ ཞག་སྡོད་ནི་ཡོདཔ་མ་ཚད་ རྒྱུན་འགྲུལ་འཐབ་མི་ཚུ་ བཞེས་སྒོ་ཟ་ནིའི་དོན་ལུ་ སྦ་སྒོར་ཅིག་ སྡོད་ཅི་ཟེར་ཨིན་པས།
ཚོགས་པ་གིས་འབད་བ་ཅིན་ ས་གནས་དེ་ཁར་ བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་གྱི་མི་ཚུ་ གཞིས་ཆགས་ཡོདཔ་མ་ཚད་ སྦ་སྒོར་ཚུ་ ཟ་ཁང་དང་ སྤྱིར་བཏང་ཚོང་ཁང་སྦེ་ ལག་ལེན་འཐབ་སྟེ་ སྡོད་ནུག་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༠༩ ལུ་ སྦ་སྒོར་ཅིག་ལས་ མེ་རྐྱེན་ཤོར་མི་དེ་གིས་ ཚོང་ཁང་༡༢ དང་ སྡོད་ཁྱིམ་ཚུ་ འཚིགས་བཏང་ཡོདཔ་ད་ ད་རུང་ ཚོང་ཁང་ཚུ་ལུ་ མེ་རྐྱེན་འབྱུང་ནིའི་ ཉེ་ཁ་འདུག་ཟེར་ ཚོང་པ་ཀརྨ་ལྷ་མོ་གིས་ བཤདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ མེ་རྐྱེན་ལུ་བརྟེན་ ཁྲོམ་ཁར་སྡོད་མི་ཚུ་གི་དོན་ལུ་ རྐྱེན་ངན་གྲོགས་སུ་འཆར་དོ་བཟུམ་ བྱུང་མི་དེ་ཡང་ མ་གཞི་ ཚོང་ཁང་ཚུ་ གཞུང་ས་ལུ་ རྐྱབ་སྟེ་ཡོད་རུང་ ཉམས་རྒུདཔ་ག་ར་གིས་ ས་ཆའི་སྐྱིད་སྡུག་ ཐོབ་ཡོདཔ་མ་ཚད་ ཚོང་ཁང་ཚུ་ ལོག་རྐྱབ་ནིའི་དོན་ལུ་ ཤིང་ཆས་ཚུ་ཡང་ གོང་ཚད་ཕབ་ཆག་ཐོག་ལུ་ སྐྱིད་སྡུག་ཐོབ་ཅི་ཟེར་ཨིན་པས།
སའི་སྐྱིད་སྡུག་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁྱིམ་གུང་པ་༦༡ དེ་ཅིག་ལུ་ གསོལ་རས་བཟུམ་ཅིག་སྦེ་ གནང་ཡི་ཟེར་ ཀརྨ་ལྷ་མོ་གིས་ བཤདཔ་ཨིན་པས།
ད་རེས་ སྐྱིད་སྡུག་ཐོབ་མི་ མང་ཤོས་ཅིག་གིས་ རྩི་སའི་སྒྲིང་ཁྱིམ་ཚུ་ རྐྱབ་སྟེ་ཡོད་རུང་ ས་ཚན་ལ་ལོ་ཅིག་ སྟོངམ་ལུས་ཏེ་ཡོདཔ་ད་ གལ་སྲིད་ ད་རུང་ མེ་རྐྱེན་རེ་ ཤོར་བ་ཅིན་ མེ་བསད་ནིའི་དོན་ལུ་ ཁྲོམ་ནང་ མེ་བསད་འཕྲུལ་ཆས་ཚུ་ཡང་ བཙུགས་ཏེ་ཡོདཔ་ཨིན་པས།
དེ་མ་ཚད་ མེ་རྐྱེན་ལས་ ཉེན་སྲུང་འབད་ཐབས་ལུ་ ཁྱིམ་༢ ཀྱི་བར་ན་ ས་གོ་མི་ཊར་རེ་ བཞག་དགོཔ་སྦེ་ བཟོ་སྟེ་ཡོདཔ་ད་ ཝམ་རོང་པ་ སངས་རྒྱས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ སྒྲིང་ཁྱིམ་གྱི་ བཟོ་བཀོད་ཚུ་ཡང་ མི་མང་དང་ གཞི་རྟེན་ཚུ་གི་ ཉེན་སྲུང་ཚུ་ སེམས་ཁར་བཞག་ཐོག་ལས་ དྲུང་ཁག་བཟོ་རིག་འགོ་དཔོན་གྱིས་ ཆ་འཇོག་འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཀི་ལོ་མི་ཊར་༥༠ འབད་མི་ ཆུར་བཏོན་ཆུ་མཛོད་ཅིག་ བཟོ་སྟེ་ཡོད་ཟེར་ཨིནམ་ད་ ཝམ་རོང་དྲུང་པ་གིས་ སླབ་མིའི་ནང་ ཆུ་མཛོད་དེ་ ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་འབད་བའི་ཤུལ་ལས་ གློ་བུར་གྱི་ འགྲེམས་སྟོན་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
ཁྲོམ་གྱི་ཚོགས་པ་བགྲེསཔ་ བསོད་ནམས་འཕྲིན་ལས་ཀྱིས་ སྣུམ་འཁོར་བཞག་སར་ ཆུ་གཡུར་མེད་པའི་ ཚ་གྱང་ཡོད་པའི་ཁར་ ཆརཔ་ཤུགས་སྦེ་ རྐྱབ་པའི་སྐབས་ ཆུ་ལུད་འོང་མི་ལུ་བརྟེན་ ཐང་ནང་ཐིམ་སྡོད་མི་དེ་གིས་ མ་འོངས་པར་ ཆུ་རུད་འཐོན་ནིའི་ ཉེན་ཁ་འདུག་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་སིམ་ཐོན་མི་ལུ་བརྟེན་ ཁྱིམ་གླ་ཁར་སྡོད་མི་ཚུ་གིས་ ཁྱིམ་གྱི་འོག་ཐོག་ལུ་ སྡོད་མི་བཏུབ་པས་ཟེར་ཨིནམ་ད་ གནད་དེ་གི་སྐོར་ལས་་ བློན་ཆེན་ལུ་ སྙན་ཞུ་འབད་རུང་ ད་ལྟོ་ ག་ནི་ཡང་ འབད་མ་ཚུགས་ཟེར་ བཤདཔ་ཨིན་པས།
དྲུང་པ་སངས་རྒྱས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ད་རེས་ ཌཱན་ཊག་ལས་འགུལ་གྱིས་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་གྱི་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ གཞུང་ལམ་བདའ་སྟེ་ ཆུ་གཡུར་ཚུ་ཡང་ ཁོང་གིས་ བཟོ་སྐྲུན་འབད་འོང་ཟེར་ཨིན་པས།
གནད་དོན་དེ་ཡང་ ཧེ་མ་ལས་ ཌཱན་ཊཱག་ལས་འགུལ་ལུ་ སྙན་ཞུ་འབད་དེ་ཡོད་ཟེར་ དྲུང་པ་གིས་ བཤད་པའི་ཁར་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་དེ་ ལམ་སེལ་ལས་ཁུངས་ཀྱིས་འབད་ཡོད་པ་ཅིན་ དེ་འཕྲོ་ལས་ ཆུ་གཡུར་གྱི་ དཀའ་ངལ་དེ་ སེལ་སེལཝ་འོང་ཟེར་བཤདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།