༉ མ་གཞི་ ཚོང་ལཱ་ཆུང་བའི་བསྐྱིན་འགྲུལ་གྱིས་ འོང་འབབ་ཆུང་རིམ་ཚུ་ ཚོང་ལཱ་འགོ་བཙུགས་ནི་ལུ་ ཕན་ཐོགས་ཡོདཔ་ཨིན་རུང་ དེ་ལུ་བརྟེན་ སྤྱིར་བཏང་བསྐྱིན་འགྲུལ་གྱི་སྐྱེད་ ཡར་སེང་འགྱོ་ནིའི་ ཉེན་ཁ་ཡོདཔ་ཨིན་པས།
ཁ་ཙ་ མཇུག་བསྡུ་མི་ འབྲུག་དཔལ་འབྱོར་ལེགས་བསྒྱུར་གྲོས་འཛོམས་སྐབས་ ཕྱི་ལས་འོང་མི་ དངུལ་འབྲེལ་མཁས་མཆོག་ཚུ་གིས་འབད་བ་ཅིན་ ཚོང་ལཱ་ཆུང་བའི་དོན་ལུ་ བསྐྱིན་འགྲུལ་དེ་ ཁག་ཆེ་ཧིང་དང་འཁྲིལ་ ལམ་ལུགས་ལེགས་ཤོམ་དགོ་ཟེར་ཨིན་པས།
ཚོང་ལཱ་ཆུང་བའི་དོན་ལུ་ བསྐྱིན་འགྲུལ་དེ་ གཞུང་མིན་ཚོགས་པ་ཚུ་གིས་ བྱིན་དོ་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ ཚོང་ལཱའི་དོན་ལུ་ བསྐྱིན་འགྲུལ་བྱིན་མི་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་བསྐྱེད་ལས་སྡེ་དང་ འབྲུག་ཨམ་སྲུ་ཚོང་འབྲེལ་ཚོགས་པ་གཉིས་ལས་ འབྲུག་ཨམ་སྲུ་ཚོང་འབྲེལ་ཚོགས་པ་དེ་ ད་ལྟོ་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་གཅིག་ཁར་ ཐོ་བཀོད་འབད་ནིའི་དོན་ལུ་ དཔའ་བཅམ་པའི་བསྒང་ཡོདཔ་ཨིན་པས།
མཁས་མཆོག་ཚུ་གིས་འབད་བ་ཅིན་ ཚོང་ལཱ་ཆུང་བའི་བསྐྱིན་འགྲུལ་ལུ་ སྐྱེད་མངམ་བཀལ་མི་དེ་ གཞུང་མིན་ཚོགས་པ་ཚུ་གིས་ དངུལ་འབྲེལ་ལས་སྡེ་སྦོམ་ཚུ་ལས་ སྐྱེད་ཀྱི་ཐོག་ལས་ མ་དངུལ་ལེན་མི་དེ་ མི་ཚུ་ལུ་བྱིན་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཚོང་ལཱ་ཆུང་བའི་བསྐྱིན་འགྲུལ་དེ་ མང་ཤོས་ཅིག་ མཐའ་ཟུར་གྱི་མི་དང་ སོ་ནམ་པ་ དེ་ལས་ བཤལ་ཚོང་རྐྱབ་མི་ཚུ་ལུ་ བྱིན་དོ་ཡོདཔ་ད་ གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ དངུལ་འབྲེལ་མཁས་མཆོག་ཚུ་གིས་ སླབ་མིའི་ནང་ མ་གཞི་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ གཞུང་མིན་ཚོགས་པ་ཚུ་ དངུལ་འབྲེལ་གྱི་ལཱ་ཚུ་ནང་ བཅའ་མར་གཏོགས་བཅུག་རུང་ ལྟ་རྟོག་ཡང་ ལེགས་ཤོམ་འབད་དགོ་ཟེར་ཨིན་པས།
ནེ་པཱལ་གྱི་ ལཱག་སི་མི་ཚོང་ལས་ཀྱི་ བཀོད་ཁྱབ་གཙོ་འཛིན་ པཱར་ཀཤ་ རཇ་ཤཱར་མ་གིས་ སླབ་མིའི་ནང་ མ་གཞི་ ཚོང་ལཱ་ཆུང་བའི་བསྐྱིན་འགྲུལ་གྱིས་ དཔལ་འབྱོར་གོང་འཕེལ་ལུ་ ཕན་ཐོགས་ཡོད་རུང་ གཞུང་མིན་ཚོགས་པ་ལ་ལོ་གིས་ སྐྱེད་མངམ་ལེན་མི་ཡང་ཡོདཔ་ལས་ དེ་ཚུ་ ལྟ་རྟོག་འབད་མི་ གློག་རིག་དང་འཕྲུལ་རིག་གི་ ཞབས་ཏོག་ལེགས་ཤོམ་དགོ་ཟེར་ཨིན་པས།
ནེ་པཱལ་ལུ་ ཚོང་ལཱ་ཆུང་བའི་བསྐྱིན་འགྲུལ་བྱིན་མི་ གཞུང་མིན་ཚོགས་པ་༡༣,༠༠༠ དེ་ཅིག་ཡོདཔ་མ་ཚད་ ཐོ་བཀོད་འབད་ནིའི་དོན་ལུ་ དཔའ་བཅམ་མི་༥,༠༠༠ དེ་ཅིག་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཤྲི་ལངྐ་རྒྱལ་ཁབ་ཀྱི་ ས་ན་ས་གོང་འཕེལ་དངུལ་ཁང་གི་ཁྲི་འཛིན་ མུ་དི་ཐ་གིས་ སླབ་མིའི་ནང་ མ་གཞི་ ཚོང་ལཱ་ཆུང་བའི་བསྐྱིན་འགྲུལ་གྱིས་ དབུལ་ཕོངས་ཀྱི་དཀའ་ངལ་ སེལ་ཐབས་འབད་ནི་ལུ་ དུམ་གྲ་ཅིག་ ཕོན་ཐོགས་ཡོད་རུང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཤུགས་སྦེ་ གོང་འཕེལ་གཏང་དགོ་པ་ཅིན་ རྒྱལ་སྤྱིའི་ཚོང་འབྲེལ་ནང་ བཅའ་མར་གཏོགས་དགོཔ་ ཁག་ཆེ་ཟེར་ཨིན་པས།
དེ་འབདཝ་ལས་ རབ་འབྱུང་པ་ཅིན་ ཚོང་ལཱ་ཆུང་བའི་དོན་ལུ་ཡང་ བསྐྱིན་འགྲུལ་དེ་ དངུལ་འབྲེལ་ལས་སྡེ་ཚུ་གིས་ བྱིན་དགོཔ་ཨིན་རུང་ ད་རེས་ རྒྱལ་ཁབ་ནང་ ཚོང་ལཱ་ཆུང་བའི་དོན་ལུ་ བསྐྱིན་འགྲུལ་བརྒྱ་ཆ་༣ ལས་བྱིན་ནི་མེདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་གྱིས་ འབད་བ་ཅིན་ མ་གཞི་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ དངུལ་འབྲེལ་ལས་སྡེ་ཚུ་གིས་ ཚོང་ལཱ་ཆུང་བ་དང་ སོ་ནམ་ལས་སྡེ་ཚུ་ལུ་ བསྐྱིན་འགྲུལ་བྱིན་དགོཔ་ཨིན་རུང་ ད་རེས་ ཁེ་ཕན་སྦོམ་མེད་པའི་ལས་སྡེ་ ཁྱིམ་བཟོ་སྐྲུན་འབད་ནི་ལུ་ བསྐྱིན་འགྲུལ་བརྒྱ་ཆ་༤༧ དེ་ཅིག་ བྱིན་ནི་དེ་གིས་ དཔལ་འབྱོར་གོང་འཕེལ་ལུ་ ཕན་ཐོགས་མིན་འདུག་ཟེར་ཨིན་པས།
ཁྱིམ་བཟོ་བསྐྱིན་འགྲུལ་དེ་ འོང་འབབ་མེད་པའི་ བསྐྱིན་འགྲུལ་གྱི་གྲངས་སུ་ཚུད་དོ་ཡོདཔ་ད་ བསྐྱིན་འགྲུལ་དེ་ཡང་ མང་ཤོས་ཅིག་ ཁྲོམ་ཁར་སྡོད་མི་ཚུ་ལུ་ བྱིན་མི་དེ་ཡང་ ཁྱིམ་བཟོ་སྐྲུན་འབད་མི་ མང་ཤོས་ར་ ཁྲོམ་ཁར་ཡོད་མི་ལུ་བརྟེན་ཨིན་པས།
དེ་ལས་ སོ་ནམ་ལས་སྡེ་ལུ་འབད་བ་ཅིན་ བསྐྱིན་འགྲུལ་དེ་ བརྒྱ་ཆ་༢ ལས་བརྒལ་ བྱིན་མི་མེདཔ་ལས་ གནད་དོན་དེའི་སྐོར་ལས་ རྒྱལ་ཡོངས་ཚོགས་སྡེ་ནང་ཡང་ གསུང་གྲོས་བྱུང་ཡོདཔ་ད་ དེ་ཡང་ འཐུས་མི་ཚུ་གིས་འབད་བ་ཅིན་ སོ་ནམ་ལས་སྡེའི་དོན་ལུ་ བསྐྱིན་འགྲུལ་བྱིན་དགོཔ་ཨིན་རུང་ དངུལ་ཁང་ཚུ་གིས་ བྱིན་མ་བཏུབ་མི་ལུ་བརྟེན་ དངུལ་འབྲེལ་གྱི་ལམ་ལུགས་ ལེགས་བསྒྱུར་འབད་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།