༉ ལོ་༢ ཀྱི་ཧེ་མར་ རྒྱ་གར་ ཏ་མིལ་ནཱ་དུ་གཙུག་ལག་སློབ་སྡེ་ལས་ ཚོང་རིག་ཆོས་ཚན་ནང་ མཐར་འཁྱོལ་མི་ ཡེ་ཤེས་དབང་ཕྱུག་གིས་ ས་གླིང་རྒེད་འོག་གི་ ས་ཆ་ཨེ་ཀར་༥ ནང་ དངུལ་ཐོག་ལྡུམ་རའི་ལཱ་འབད་ནི་ འགོ་བཙུགས་ནུག།
ཡེ་ཤེས་དབང་ཕྱུག་གིས་ གཡུས་ཁ་ལས་ཕར་ ཕམ་ཉམ་ཆུང་གི་ཨ་ལོ་ སློབ་རིམ་༦ པ་ལས་༩ པ་ཚུན་ དཔེ་ཆ་ལྟ་ཞིནམ་ལས་ འཕྲོ་མཐུད་ཤེས་ཡོན་ལྷབ་མ་ཚུགས་པར་ སོ་ནམ་གྱི་ ལཱ་འབད་སྡོད་མི་ཚུ་ལུ་ ལྡུམ་རའི་ལཱ་གི་ གོ་སྐབས་བྱིན་ཡོད་རུང་ མ་དངུལ་ལངམ་སྦེ་མེད་ནི་དེ་གིས་ ལཱ་ཁག་རྐྱབ་ཡོདཔ་ཨིན་པས།
དེ་ལས་ མཐོ་རིམ་སློབ་གྲྭ་མཇུག་བསྡུ་སྟེ་ ལཱ་གཡོག་མེད་པར་སྡོད་མི་ཚུ་ལུ་ གནས་སྐབས་ཀྱི་དོན་ལས་ ལཱ་གཡོག་སྤྲོད་པའི་སྐབས་ གཞུང་གི་ཧོངས་ལས་ དངུལ་ཕོགས་དུམ་གྲ་རེ་གནང་པའི་ཁར་ ལཱ་གཡོག་སྤྲོད་མི་ཚུ་གིས་འབད་རུང་ ལྷན་ཐབས་འབདཝ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢ ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་ ས་གླིང་རྒེད་འོག་ནང་ མི་སེར་ཚུ་དང་ མཇལ་ཕྲད་གནང་པའི་སྐབས་ སྐྱེས་ལོ་༣༠ ལང་མི་ ཡེ་ཤེས་དབང་ཕྱུག་གིས་ ཞུ་མིའི་ནང་ སོ་ནམ་གྱི་ལཱ་འབད་སྡོད་པའི་སྐབས་ མ་དངུལ་ལང་མ་ཚུགས་མི་དང་ ལས་མི་ཐོབ་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
སློབ་རིམ་༡༠ པ་དང་༡༢ པ་ དེ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ ལཱ་མེད་པར་ གཡུས་ཁ་ལས་ཕར་ སྡོད་སར་མཐོངམ་ཨིན་རུང་ ལཱ་འབད་བཅུག་ནི་ལུ་ གཡང་ཟ་དོ་ཡོདཔ་ལས་ སློབ་རིམ་༡༠ པ་ མན་ཆད་འབད་མི་ཚུ་ལུ་ གོ་སྐབས་སྤྲོད་ནི་སྦེ་ཡོད་ཟེར་ཨིན་པས།
མ་གཞི་ ལས་གཡོག་ལྷན་ཁག་གིས་ སློབ་རིམ་༡༠ པ་ཡན་ཆད་འབད་མི་ཚུ་ལུ་ གལ་སྲིད་ གནས་སྐབས་ཀྱི་དོན་ལུ་ ལས་སྡེ་དང་ ལས་ཁུངས་ ལས་འཛིན་ གཞུང་མིན་ སྒེར་སྡེ་ཚུ་ནང་ ལཱ་ཚུ་བྱིན་པའི་སྐབས་ གཞུང་གི་ཧོངས་ལས་ ཟླ་རིམ་དངུལ་ཕོགས་ཀྱི་ ཚད་གཞི་བཟོ་སྟེ་འདུག་ཟེར་ཨིན་པས།
ཨིན་རུང་ སློབ་རིམ་༡༠ པ་མན་ཆད་འབད་མི་ཚུ་ལུ་ སྒེར་སྡེ་དང་ ལས་སྡེ་གཞན་ཚུ་ནང་ ལཱ་གི་གོ་སྐབས་སྤྲོད་པ་ཅིན་ གཞུང་གི་ཧོངས་ལས་ ཟླ་རིམ་དངུལ་ཕོགས་ཀྱི་ཚད་གཞི་དང་ སྒེར་སྡེའི་ཁ་ཐུག་ལས་ ཟླ་རིམ་དངུལ་ཕོགས་ཀྱི་ཚད་གཞི་ཅིག་ ཁ་གསལ་གསུང་གནང་ཟེར་ བློན་ཆེན་མཆོག་ལུ་ ཞུ་ཡི།
ཡེ་ཤེས་དབང་ཕྱུག་གིས་ ས་ཆ་ཨེ་ཀར་༥ ནང་ ཤིང་འབྲས་ཀྱི་རིགས་༤ འཛུགས་སྐྱོང་འབད་ཡོད་མི་ལས་ གུ་ལི་ཤིང་གི་ལྕངམ་༢༠༠ དེ་ཅིག་དང་ ཌེ་གཱོན་ཤིང་གི་ལྕངམ་༡༠༠ ཨམ་ཅུ་ཀི་ལི་ དེ་ལས་ ལི་ཅི་ཤིང་འབྲས་ཚུ་བསྡོམས་ཏེ་ ལྕངམ་༡,༠༠༠ དེ་ཅིག་འཛུགས་སྐྱོང་འབད་དེ་ ལོ་༡ ལང་ཡོདཔ་ད་ ལོ་༢ ཀྱི་རྒྱབ་ལས་ ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
ཚོང་འབྲེལ་གྱི་ གྲོས་འཆར་བཙུགས་པའི་སྐབས་ དངུལ་ཀྲམ་ས་ཡ་༡ དེ་ཅིག་བཙུགས་མི་ལུ་ གཞུང་གི་ཧོངས་ལས་ རྒྱབ་སྐྱོར་ཚུ་བྱིན་ཡོད་རུང་ མ་དངུལ་མ་ལེན་ཟེར་ཨིནམ་ད་ དེ་ཡང་ ལོག་བསྐྱིན་ཚབ་བཏབ་ནི་ལུ་ དོ་འགྲན་འབྱུང་ནི་ཨིནམ་ལས་ མ་དངུལ་ཚུ་ ཕམ་༢ ལས་ རྒྱབ་སྐྱོར་ལེན་ཡི་ཟེར་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ ཐད་ཀར་གྱི་ལཱ་གཡོག་སྤྲོད་པའི་སྐབས་ སློབ་རིམ་༡༠ པ་མཐར་འཁྱོལ་མི་ཚུ་ལུ་ གཞུང་གིས་ ཟླ་རིམ་དངུལ་ཕོགས་དངུལ་ཀྲམ་༣,༠༠༠ དང་ སློབ་རིམ་༡༢ པ་ཚུ་ལུ་ དངུལ་ཀྲམ་༤,༥༠༠ དེ་ལས་ མཐོ་རིམ་ཤེས་ཡོན་ལྟ་ཚར་མི་ཚུ་ལུ་ དངུལ་ཀྲམ་༧,༥༠༠ རེ་ བྱིན་དོ་ཟེར་ཨིན་པས།
དེ་འབདཝ་ད་ ལོ་༢ ཀྱི་རིང་ དངུལ་ཕོགས་སྤྲོད་མི་དེ་ སྦྱོང་བརྡར་དང་གཅིག་ཁར་ ལཱ་འབད་དགོཔ་ད་ དངུལ་ཕོགས་ཁ་སྐོང་དེ་ ལཱ་གཡོག་སྤྲོད་མི་ སྒེར་སྡེ་དང་ ལས་འཛིན་ ཇོ་བདག་ཚུ་གི་ཁ་ཐུག་ལས་ བྱིན་དགོཔ་མ་ཚད་ ལོ་༢ ཚང་བའི་ཤུལ་ལས་ ད་རུང་ ལོ་༢ ཟླ་རིམ་བཞིན་དུ་ དངུལ་ཕོགས་སྤྲོད་དེ་ ལཱ་གི་གོ་སྐབས་བྱིན་དགོཔ་སྦེ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ སོ་ནམ་དང་འབྲེལ་བའི་ལཱ་དེ་ གནས་སྐབས་ཅིག་འབདཝ་ལས་ ལཱ་གཡོག་སྤྲོད་ནི་ལུ་ དཀའ་ངལ་ཡོད་རུང་ དམིགས་བསལ་གྱི་རྒྱབ་སྐྱོར་དང་ འཕྲུལ་ཆས་ཀྱི་ རྒྱབ་སྐྱོར་དགོ་པ་ཅིན་ སླབ་གནང་ཟེར་ཨིན་པས།
ཡེ་ཤེས་དབང་ཕྱུག་གིས་ སློབ་རིམ་༡༠ པ་ མཐར་འཁྱོལ་བའི་ཤུལ་ལས་ དངུལ་རྩིས་ལྷན་ཁག་ནང་ ལཱ་འབད་དེ་སྡོད་ཡོདཔ་ད་ དེ་གི་ཤུལ་ལས་ དགོངས་ཞུ་འབད་དེ་ རྒྱ་གར་ལུ་ ཚོང་རིག་གི་ སློབ་སྦྱོང་འབད་ཡོདཔ་ཨིན་པས།
བློན་ཆེན་གྱིས་གསུངས་མིའི་ནང་ཡེ་ཤེས་དབང་ཕྱུག་གིས་ དཔེ་ཆ་ལྟ་ཚར་ཏེ་ གཡུས་ཁར་སྡོད་མི་ ན་གཞོན་ཚུ་ལུ་ སོ་ནམ་དང་འབྲེལ་བའི་ལཱ་ཚུ་ སྟོན་བྱིན་དགོ་ཟེར་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།