༉ ཕུན་ཚོགས་གླིང་ཁྲིམས་འདུན་གྱིས་ སྐྱེས་ལོ་༥༧ ལང་མི་ ཨམ་སྲུ་ཅིག་གིས་ མོ་རའི་ཚོང་འབྲེལ་ཆོག་ཐམ་ ལེན་ཡོད་མི་དེ་ ཕྱི་མི་ཅིག་ལུ་ དངུལ་ཀྲམ་ས་ཡ་༡.༡ ལེན་ཏེ་ གླ་ཁར་བཏང་ཡོད་པའི་ མ་དངུལ་དེ་ གཞུང་ལུ་སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་གནང་ནུག།
ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ བསོད་ནམས་དབང་མོའི་ མིང་ཐོ་ཁར་ རབ་བརྟན་ཌ་ཝསི་ཟེར་མི་ ཚོང་འབྲེལ་ཆོག་ཐམ་དེ་ རྒྱ་གར་གྱི་མི་ཁུངས་ཨིན་མི་ ཀུ་མར་ཅན་ཅཱལ་ད་ག་ལས་ གླ་འཐུས་ལེན་མི་དེ་ སྤྱི་ལོ་༢༠༠༥ ལོའི་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་ཀྱི་ དོན་ཚན་༨༠ དང་འཁྲིལ་ མོ་གིས་ གླ་འཐུས་ལེན་ཡོདཔ་ ངེས་བདེན་ཨིན་ཟེར་ ཞུ་ཡོདཔ་ལས་ འབྲུག་གི་ཚོང་ལཱ་དང་བཟོ་གྲྭ་གཞི་བཙུགས་དང་ལག་ལེན་ བཅའ་ཡིག་དང་སྒྲིག་གཞི་༡༩༩༥ པ་དང་འཁྲིལ་ གླ་འཐུས་ལེན་ཡོད་མི་དང་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ གཞུང་ལུ་ བཙུགས་དགོ་ཟེར་བཀོད་ནུག།
དེ་ཡང་ ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་པའི་ཤུལ་ལས་ ཟླཝ་༣ གྱི་ནང་འཁོད་ལུ་ བཏབ་དགོ་པའི་ཁར་ མོ་གིས་ ཆོག་ཐམ་དེ་ལེན་པའི་སྐབས་ མི་གཞན་ལུ་ གླ་ཁར་གཏང་མ་ཆོགཔ་སྦེ་ཡོདཔ་ཨིན་རུང་ ཤེས་བཞིན་དུ་ མི་གཞན་ལུ་ གླ་ཁར་བཏང་ནུག་ཟེར་ འཁྲུན་ཆོད་ནང་བཀོད་ཡོདཔ་ད་ མོ་གིས་ཆོག་ཐམ་དེ་ སྤྱི་༢༠༠༥ ལས་༢༠༡༥ ཚུན་གླ་ཁར་བཏང་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དེ་བཟུམ་མའི་ འབྲུག་པའི་ཆོག་ཐམ་ལུ་ ཕྱི་མི་ལུ་ གླ་ཁར་བཏང་མི་དེ་གིས་ ཕུན་ཚོགས་གླིང་བཟུམ་མའི་ ས་མཚམས་ཁར་ ཚོང་རྐྱབ་སྡོད་མི་ འབྲུག་མི་ཚུ་གིས་ ཕྱི་མི་ཚུ་དང་གཅིག་ཁར་ དོ་འགྲན་འབད་དགོཔ་ཐོནམ་ད་ གདོང་ལེན་སྦོམ་བྱུང་ཡོད་པའི་ཁར་ རུ་པའི་དཀའ་ངལ་ཐོན་ནི་ལུ་ཡང་ ལྷན་ཐབས་འབད་ནུག་ཟེར་བཀོད་ནུག།
བསོད་ནམས་དབང་མོ་གིས་ ཆོག་ཐམ་གླ་ཁར་བཏང་པའི་སྐབས་ འཐུས་ཚུ་ཕྱི་མི་ལས་ སྟབས་གཅིག་ཁར་ལེན་ཏེ་མེད་རུང་ གཞུང་ལུ་བཏབ་ནི་དེ་ སྟབས་གཅིག་ཁར་འབདཝ་ད་ བྱ་སྟབས་མི་བདེ་ནི་ཨིན་པའི་སྐོར་ཞུ་ཡོད་པའི་ཁར་ མོ་གིས་ ཆོག་ཐམ་དེ་ མོ་རའི་རྨགཔ་ཚེ་འདས་སོང་བའི་ཤུལ་ལས་ མོ་རའི་མིང་ཐོ་ཁར་སྤོ་ཡོད་རུང་ ཁྲིམས་འགལ་ཨིན་པའི་སྐོར་ མ་ཤེས་ཟེར་ཞུ་ནུག།
གནད་དོན་དེ་ལུ་ ཁྲིམས་འདུན་གྱིས་ དབྱེ་དཔྱད་འབད་བའི་སྐབས་ བསོད་ནམས་དབང་མོའི་ཆོག་ཐམ་དེ་ འགོ་དང་པ་ མོ་རའི་ཚེ་འདས་རྨགཔ་ བསྟན་འཛིན་དོན་གྲུབ་ཀྱི་ མིང་ཐོ་ཁར་ལེན་ཡོད་རུང་ རྨགཔ་གི་སྐབས་ལས་ར་ གླ་ཁར་བཏང་ཡོདཔ་ལས་ ཚེ་འདས་སོང་བའི་རྗེས་སུ་ཡང་ མོ་གིས་གླ་ཁར་འཕྲོ་མཐུད་བཏང་སྡོད་པའི་ ངོས་འཛིན་བྱུང་ནུག།
བསོད་ནམས་དབང་མོ་གིས་ རྩོད་བཤེར་འབད་བའི་སྐབས་ ཆོག་ཐམ་གླ་བཏང་མི་དེ་ ངེས་བདེན་ཨིནམ་ལས་ ཆོག་ཐམ་ཆ་མེད་གཏང་ནི་དང་ ཉེས་ཆད་བཀལ་ནི་དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ངོས་ལེན་འབད་མི་དང་འཁྲིལ་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསོད་ནམས་དབང་མོ་གིས་ མོ་རའི་ ཁེ་ཕན་ལུ་དམིགས་ཏེ་ ཚོང་འབྲེལ་ཆོག་ཐམ་དེ་ རྒྱ་གར་གྱི་མི་ཁུངས་ལུ་ གླ་ཁར་བཏང་ནུག་ཟེར་ བཀོད་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།