ཚོང་འབྲེལ་གནས་སྐབས་ལུ་རྒྱབ་སྐྱོར།

༉ ད་རེས་ནངས་པར་ འབྲུག་རྒྱལ་ཁབ་འདི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་གསུམ་པའིདོན་ལུ་ འུར་བྱེལ་ཤུགས་སྦེ་ར་ ལང་ཡོད་པའི་ནམ་དུས་ལུ་ ན་གཞོན་ཚུ་གི་སྐོར་ལས་ ལོ་རྒྱུས་ཐོནམ་ད་ ངལ་རངས་དགོཔ་ཅིག་ཨིན་མས།
འདས་པའི་ཉིནམ་དག་པ་ཅིག་གི་ཧེ་མར་ རྒྱལ་ཡོངས་གནས་སྐབས་གསར་གཏོད་བདུན་མཐའ་ འགོ་འདྲེན་འཐབ་མི་དེ་ནང་ ན་གཞོན་ཚུ་གིས་ འཕྲུལ་རིག་ལུ་ གཙོ་བོར་བཏོན་པའི་ ཚོང་འབྲེལ་གྱི་ ཐབས་ལམ་བརྒྱ་ཕྲག་ལས་བཅད་དེ་ གསལ་སྟོན་འབད་ཡོདཔ་ད་ ཚོང་འབྲེལ་གྱི་ ཐབས་དང་གནས་སྐབས་༡༥༧ བཏོན་ཡོད་མི་ལས་ དྲག་ཤོས་༥ གིས་ ཁོང་རའི་ལས་འགུལ་ཚུ་ འགོ་བཙུགས་ནིའི་དོན་ལུ་ གསོལ་རས་ཚུ་ཐོབ་ནུག།
ད་རུང་ འཕྲལ་ཁམས་ཅིག་ཁར་ མེ་ཀོང་ཚོང་འབྲེལ་གྱི་ དོ་འགྲན་ལས་རིམ་ཅིག་ནང་ འབྲུག་ལས་ སྡེ་ཚན་ཅིག་གིས་ ལོག་བཀོལ་སྤྱོད་འབད་བཏུབ་བཟོ་མི་ ཤོག་གུ་ལག་ལེན་ཐོག་ དྲན་ཆས་བཟོ་ནི་གི་ གནས་སྐབས་དེ་ གསལ་སྟོན་འབད་ཡོདཔ་ད་ ཐིམ་ཕུག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ཡོད་མི་ སྡེ་ཚན་གྱིས་ ཨང་དང་པའི་ གསོལ་རས་ཐོབ་ནུག།
རྒྱལ་ཁབ་ཀྱིས་ མ་འོངས་པའི་ འགོ་ཁྲིད་ཨིན་མི་ ན་གཞོན་ཚུ་གི་ ལྕོགས་རིག་དང་ འཇོན་ཐངས་ལུ་ དོགས་ཟོན་བསྐྱེད་པའི་ དུས་ཚོད་ཁར་ འདི་བཟུམ་མའི་ གནས་སྐབས་གསར་གཏོད་ཐོག་ གསོལ་རས་ཐོབ་མི་དེ་ བསྟོད་པར་འོས་པའི་ གྲུབ་འབྲས་ཅིག་ཨིནམ་ད་ དེ་ཡང་ ཁོང་གི་རིག་རྩལ་དང་ ཚོང་འབྲེལ་གྱི་ལཱ་ལུ་ སེམས་ཤུགས་བསྐྱེད་མི་དེ་གིས་ ང་བཅས་རའི་ ན་གཞོན་ཚུ་གིས་ ཚོང་འབྲེལ་ག་ཅི་ར་འཐབ་རུང་ ལེགས་ཤོམ་སྦེ་ འབད་ཚུགས་པའི་ བརྡ་མཚོན་སྟོན་ནི་དེ་གིས་ཨིན།
ཚོང་ལཱ་འཐབ་མི་ཚུ་ ལེགས་བསྒྱུར་འབད་མི་ ངོ་ཚབ་སྦེ་ བརྩི་འཇོག་འབད་མི་དེ་ཡང་ ཁོང་གི་ཐབས་རིག་ གསར་གཏོད་ལུ་བརྟེན་ ལཱ་གཡོག་གི་ གོ་སྐབས་བཟོཝ་མ་ཚད་ དཔལ་འབྱོར་གོང་འཕེལ་ལུ་ཡང་ ལྷན་ཐབས་འབདཝ་ཨིན།
འབྲུག་ལུ་ འདི་བཟུམ་མའི་ གོ་སྐབས་ཚུ་ འགོ་བཙུགས་ཏེ་ ཡུན་རིངམོ་ མ་འགྱོ་བའི་ཁར་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་སྲིད་བྱུས་དེ་ཡང་ ད་ལྟོ་ འགོ་བཙུགས་ཀྱི་ གནས་སྟངས་ནང་ཡོད་རུང་ ཚོང་འབྲེལ་གྱི་ ལཱ་འབད་འདོད་ཡོད་མི་ཚུ་གི་དོན་ལུ་ རྒྱབ་སྐྱོར་འཐོབ་ནི་གི་ ས་གོ་ལེགས་ཤོམ་ཅིག་ཨིན་མས།
འདི་འབདཝ་ད་ ཚོང་འབྲེལ་འགོ་བཙུགས་ནིའི་དོན་ལུ་ དང་འདོད་ཅན་ཚུ་གིས་ ཐབས་རིག་དང་ ལས་འགུལ་གྱི་ གྲོས་འཆར་ཚུ་ བཙུགས་དགོཔ་བཞིན་དུ་ གལ་སྲིད་ ལས་འགུལ་དེ་ ཡིད་ཆེས་འདྲོངས་ཚུགསཔ་ ཡོད་པ་ཅིན་ སྐྱིན་འགྲུལ་འཐོབ་མ་ཚུགས་པའི་ དཔེ་མི་སྲིད་ནི་མས།
ཚོང་འབྲེལ་གྱི་ལཱ་དེ་ མ་དངུལ་དང་ ལམ་སྟོན་འབད་མི་མེད་པ་ཅིན་ འཇམ་ཏོང་ཏོ་སྦེ་ འགོ་བཙུགས་མི་ཚུགས། འདི་འབདཝ་ལས་ ང་བཅས་ཀྱི་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ཐབས་རིག་དང་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་གཉིས་ཆ་ར་དགོ་ནི་ཨིན་མས།
ང་བཅས་ཀྱིས་ ད་རེས་ནངས་པར་ རྒྱལ་ཁབ་ལུ་བྱུང་མི་ ལཱ་གཡོག་གི་ དཀའ་ངལ་སེལ་དགོ་པ་ཅིན་ ཚོང་འབྲེལ་གྱི་ལཱ་ལུ་ རྒྱབ་སྐྱོར་འབད་དགོཔ་དེ་ཁག་ཆེ། འདི་བཟུམ་སྦེ་ ང་བཅས་རའི་ ན་གཞོན་ཚུ་གི་ ལྕོགས་གྲུབ་དང་ རིག་རྩལ་ཚུ་ལུ་ ཡིད་ཆེས་བསྐྱེད་པ་ཅིན་ མི་སྡེ་དང་ སྲིད་བྱུས་རྩམ་མི་ཚུ་གིས་ ན་གཞོན་ཚུ་ལུ་ ངེས་པར་དུ་ རྒྱབ་སྐྱོར་འབད་དགོ།
འབྲུག་གིས་ མི་སེར་ཚུ་ དུས་དང་རྣམ་པ་ཀུད་ཞུ་ དགའ་སྐྱིད་ཕུན་སུམ་ཚོགས་ཏོག་ཏོ་སྦེ་ གནས་ཐབས་ལུ་ གནས་སྟངས་ལེགས་ཤོམ་བཟོ་ནིའི་དོན་ལས་ འབད་རྩོལ་བསྐྱེད་བཞིན་དུ་ཡོདཔ་བཟུམ་སྦེ་ ང་བཅས་རའི་ རྒན་གཞོན་གཉིས་ཆ་ར་ ཚོང་ལཱ་འབད་ཚུགས་པའི་ གནས་སྟངས་ལེགས་ལྡན་བཟོ་དགོ། འདི་དང་གཅིག་ཁར་ སྤྱིར་བཏང་ཚོང་འབྲེལ་གནས་སྟངས་ ཡར་དྲག་བཟོ་ནི་རྐྱངམ་གཅིག་མེན་པར་ ཐབས་རིག་གསར་གཏོད་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་དེ་ གལ་ཆེ་དྲགས་ཅིག་སྦེ་མཐོངམ་མས།
ད་རེས་ནངས་པར་ ང་བཅས་རའི་ ན་གཞོན་ཚུ་གིས་ ཚོང་འབྲེལ་གྱི་ལཱ་ནང་ འབྲེལ་འཛིན་འབད་ནི་ འགོ་བཙུགསཔ་བཞིན་དུ་ ན་གཞོན་ཚུ་ལུ་ ཚོང་འབྲེལ་དང་ ལས་སྣ་ག་ཅིའི་ཐད་ལས་འབད་རུང་ ཐབས་ཤེས་གསར་གཏོད་འབད་དགོ་པའི་ བསྐུལ་མ་ཚུ་ དུས་རྒྱུན་དུ་ འབད་ནི་དེ་ཁག་ཆེ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *