༉ ཐིམ་ཕུག་སྡེ་སྲིད་སློབ་གྲྭ་ཆེ་བའི་ སློབ་རིམ་༡༢ པའི་སློབ་ཕྲུག་ བཀྲ་ཤིས་ཚེ་དབང་གི་ བཟའ་ཚང་ལུ་ རྐང་མའི་ལྷམ་ལེགས་ཤོམ་ཅིག་ ཉོ་ཚུགས་ནི་ལུ་ཡང་ དོ་འགྲན་ཅན་ཅིག་ཨིན་པའི་ཁར་ ལོ་༢ ཀྱི་ཧེ་མར་ སློབ་རིམ་༡༠ པ་ལས་ གཞུང་གི་སློབ་གྲྭ་ནང་ ཤེས་ཡོན་སྦྱང་ནིའི་གོ་སྐབས་ ཐོབ་མ་ཚུགས་མི་གིས་ ཧེང་སྐལ་ར་ དཀའ་ངལ་ཅན་ཅིག་ལུ་གྱུར་ནུག།
ཁོ་གི་རེ་འདོད་ཟེར་རུང་ ཕམ་གྱི་དྲིན་ལན་འཇལ་ནི་དེ་ཨིནམ་ལས་ ཁོ་གིས་ སློབ་གཉེར་གྲོགས་རམ་ཐོབ་ཐབས་ལུ་ ཤེས་ཡོན་རྩ་འགེངས་སྦྱང་ནི་དང་ ཞི་གཡོག་ནང་ ལཱ་གཡོག་འཐོབ་ནི་དེ་ཨིན་པས།
ཁོ་ར་ཆུང་ཀུ་བསྒང་ལས་ ཕམ་༢ གཉེན་ཡ་བྲལ་སོང་བའི་ཁར་ ཁོ་གི་ཨ་ཀུ་གིས་ ལྷམ་བཙེམ་ཏེ་ བཅོ་ཁ་རྐྱབ་སར་མཐོང་མི་ལུ་བརྟེན་ སྤྲོ་བ་སྦོམ་སྐྱེད་དེ་ ལྷམ་བཅོ་ནི་ལྷབ་སྦྱང་འབད་ཡོདཔ་ད་ ཕུཊ་བཱོལ་རྩེད་ནིའི་དོན་ལུ་ ལྷམ་ཉོ་མ་ཚུགས་པར་ ལྷམ་རལ་མི་ཚུ་བཙེམ་སྟེ་ ལག་ལེན་འཐབ་ཅི་ཟེར་ཨིན་པས།
ད་རེས་ ཁོ་གིས་ ལྷམ་བཙེམ་ནིའི་གནས་སྐབས་ལུ་བརྟེན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ ལོ་༢ ཀྱི་ སློབ་གཉེར་གྲོགས་རམ་ཐོབ་ཡོདཔ་ད་ ཁོ་གིས་ མི་དབང་མཆོག་གི་བཀའ་བཞིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ འགོ་འདྲེན་འཐབ་མི་ སློབ་ཕྲུག་ཚོང་འབྲེལ་མ་རྩའི་ལས་རིམ་ནང་ ཨང་༢ པ་ཐོན་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡ ལུ་ སྡེ་སྲིད་སློབ་གྲྭ་ཆེ་བའི་ནང་ གཟིགས་སྐོར་ལུ་བྱེན་པའི་སྐབས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ སློབ་ཕྲུག་ཚུ་གི་ གསར་རྩོམ་དང་ གསར་བཏོད་ཐོག་ལས་ ཚོང་ལཱ་གི་གནས་སྐབས་ གསརཔ་གི་ངོ་སྤྲོད་དང་ རང་མགོ་རང་འདྲོངས་ཀྱི་ དམིགས་ཡུལ་དང་འཁྲིལ་ ཚོང་ལཱའི་གནས་སྐབས་གསརཔ་གི་ འགྲན་བསྡུར་འགོ་འདྲེན་འཐབ་དགོ་པའི་ བཀའ་རྒྱ་དང་འཁྲིལ་ སྤྱི་ཟླ་༣ པའི་ཚེས་༢ ལུ་ དབང་འཛིན་གྱིས་ ལས་རིམ་འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལས་རིམ་དེ་ནང་ སློབ་ཕྲུག་༡༥༤ གིས་ བཅའ་མར་གཏོགས་ས་ལས་ སློབ་ཕྲུག་༢༣ གིས་ ཟླཝ་༤ གི་ བཟོ་བཀོད་ཀྱི་ མནོ་བསམ་བཏང་ནི་དང་ ས་གནས་ཀྱི་ ཚོང་ལཱ་ལྟ་སྐོར་ སྦྱོང་བརྡར་གྱི་དོན་ལུ་ གདམ་འཐུ་གྲུབ་ཡོདཔ་ལས་ གདམ་འཐུ་གྲུབ་མི་སློབ་ཕྲུག་ཚུ་གིས་ སྤྱི་ཟླ་༧ པའི་ནང་ གནམ་བྱཱར་གྱི་ ངལ་གསོའི་སྐབས་ ཚོང་ལཱ་གི་གྲོས་འཆར་དང་ གཞི་རྟེན་བཟོ་དཔེ་ཚུ་ གྲ་སྒྲིག་འབད་ནིའི་དོན་ལུ་ སྦྱོང་བརྡར་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་གྱིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ ལྕོགས་གྲུབ་ཅན་ཚུ་ཡོདཔ་ལས་ བློ་བདེ་ཏོག་ཏོ་འདུག་ཟེར་ཨིན་པས།
ཨིན་རུང་ སློབ་གྲྭའི་སློབ་དཔོན་ཚུ་གིས་འབད་བ་ཅིན་ འདས་པའི་ཟླཝ་༤ གི་ཧེ་མར་ སློབ་ཕྲུག་ཚུ་གི་གནས་སྟངས་དེ་ དེ་སྦེ་མེན་ཟེར་ཨིན་པས།
སློབ་གཉེར་གྲོགས་རམ་ཐོབ་མི་མང་ཤོས་ཅིག་ ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་ཨིནམ་ད་ དེ་ཚུ་གི་གྲས་ལས་ཅིག་ བདེ་ཆེན་གཡང་འཛོམས་ཨིནམ་བཞིན་དུ་ མོ་ར་ སྦྱོང་བརྡར་ནང་ བཅའ་མར་མ་གཏོགས་པའི་སྐབས་ འདི་བཟུམ་གྱི་ ཚོང་ལཱའི་གནས་སྐབས་ རྒྱ་ཆེཝ་སྦེ་མེད་རུང་ སློབ་རིམ་༡༢ པའི་ཚོང་རིག་གི་ སློབ་ཕྲུག་ཚུ་གིས་ གླང་ལེབ་ཀྱི་ དཔེ་སྟོན་ཅིག་བཟོ་ཡོད་ཟེར་ཨིན་པས།
ལས་རིམ་དེ་གིས་ སློབ་ཕྲུག་ཚུ་གི་ མནོ་ལུགས་སྒྱུར་བཅོས་འབད་ཡོདཔ་ད་ སེམས་གསོའི་གསོལ་རས་ ལོ་ངོ་༡ གི་ སློབ་གཉེར་གྲོགས་རམ་ཐོབ་མི་ སློབ་རིམ་༡༢ པའི་སློབ་ཕྲུག་ ཚེ་རིང་དབང་མོ་གིས་ སླབ་མིའི་ནང་ མོ་གིས་ ཟླཝ་༤ གི་སྦྱོང་བརྡར་དེ་ མཇུག་བསྡུ་བའི་ཤུལ་ལས་ ཚོང་ལཱ་དེ་ རྡོག་མ་ཚོང་ཁང་དང་ སྣ་ཚོགས་ཚོང་ཁང་བཙུགས་ནི་བ་ལྷགཔ་སྦེ་ ལཱ་འབད་དགོཔ་གཞན་ ལེ་ཤ་ཡོད་པའི་སྐོར་ལས་ གོ་རྟོགས་བྱུང་ཡི་ཟེར་ཨིན་པས།
སློབ་གྲྭའི་སློབ་དཔོན་ཚུ་གིས་ སླབ་མིའི་ནང་ མི་དབང་མངའ་ཞབས་མཆོག་ སློབ་གྲྭ་ནང་ གཟིགས་སྐོར་གནང་སྟེ་ གནས་སྐབས་གསར་རྩོམ་དང་ མོ་བཏབ་ཀྱི་དོན་ལུ་ ལས་རིམ་འགོ་བཙུགས་ནི་དེ་གིས་ སློབ་ཕྲུག་ཚུ་ལུ་ དཔེ་སྟོན་ཅིག་ཨིན་མས་ཟེར་ཨིན་པས།
ལས་རིམ་དེ་ནང་ གསོལ་རས་ཐོབ་མི་༥ གི་གྲས་ལས་༣ མི་དབང་མངའ་ཞབས་ཀྱི་ སློབ་གྲྭ་འདི་ནང་ལུ་ ལོ་༢ ཀྱི་ སློབ་སྦྱོང་འབད་ནིའི་ སློབ་གཉེར་གྲོགས་རམ་དང་ སེམས་གསོའི་གསོལ་རས་ཐོབ་མི་༢ པོ་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ལོ་༡ གི་ སློབ་གཉེར་གྲོགས་རམ་བྱིན་ནི་ཨིནམ་བཞིན་དུ་ དབང་འཛིན་གྱི་སྤྱི་འཛིན་གྱིས་ འབད་བ་ཅིན་ དེ་བཟུམ་གྱི་ལས་རིམ་དེ་ ཚོང་འབྲེལ་ལས་རིམ་རྐྱངམ་གཅིག་མེན་པར་ ཚོང་འབྲེལ་ཤེས་ཡོན་ཡང་ཨིནམ་ལས་ སློབ་གྲྭ་གཞན་ཚུ་ནང་ཡང་ ཁྱབ་སྤེལ་འབད་དགོཔ་འདུག་ཟེར་ཨིན་པས།
བཀྲ་ཤིས་ཚེ་དབང་ལུ་འབད་བ་ཅིན་ ཁོ་ར་ སློབ་གཉེར་གྲོགས་རམ་ རྒྱལ་ཁབ་ཕྱི་ནང་ག་ཏེ་ཐོབ་རུང་ ལྷམ་བཅོ་ནི་དང་ བཟོ་བཅོས་ཀྱི་ལཱ་ཚུ་ འཕྲོ་མཐུད་འབད་དེ་ འོང་འབབ་བཟོ་ནི་དང་ མ་འོངས་པར་ ལྷམ་རྙིངམ་ཚུ་ བསྡུ་བསྒྱོམ་འབད་དེ་ བསྐྱར་བཟོ་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།