ལག་བཟོ་ཚོང་ཁང་ཅིག་གི་མཐོང་སྣང་།

ཚོང་འདུས་ལུ་ ལག་བཟོ་ཚོང་ཁང་མང་དྲགས་པའི་དཀའ་ངལ།

༉ སྤ་རོ་ཚོང་འདུས་ཁྲོམ་དེ་ བསྒྱུར་བཅོས་སྦོམ་སོང་སྟེ་མེད་རུང་ ལག་བཟོ་ཚོང་ཁང་ཚུ་གི་ཐད་ལུ་ལྷོདཔ་ད་ གྱངས་ཁ་ལོག་ལྟབ་གསུམ་ལྟབ་སྦེ་ ཡར་སེང་སོང་ནུག།
ད་རེས་ནངས་པར་ ཁྲོམ་དེ་ནང་ ལག་བཟོ་ཚོང་ཁང་བསྡོམས་༥༠ ལྷགཔ་ཅིག་ཡོདཔ་ལས་ ཁྲོམ་གྱི་ས་ཁོངས་དང་འཁྲིལཝ་ད་ ཧ་ལམ་ ལག་བཟོ་ཚོང་ཁང་ཚུ་གིས་ གང་སོ་ནུག།
དེ་འབདཝ་ལས་ ད་རེས་ནངས་པར་ ཁྲོམ་གྱི་ས་གོ་ གཙོ་ཅན་ཚུ་ནང་ ལག་བཟོ་ཚོང་ཁང་ཚུ་ བཙུགས་ཡོདཔ་ལས་ སྤྱིར་བཏང་གི་ ཚོང་ཁང་ཚུ་ ཁྲོམ་གྱི་ཟུར་ཁར་ལས་ཕར་ མཐོང་གསལ་བྱུང་མི་དེ་ཡང་ ལག་བཟོའི་ཚོང་འབྲེལ་ལུ་ ཁེ་སང་ཡོད་མི་ལུ་བརྟེན་ ཁྱིམ་གྱི་ཇོ་བདག་ཚུ་གིས་ཡང་ ལག་བཟོ་ཚོང་ཁང་བཙུགས་མི་ཚུ་ལུ་ གདམ་ཁ་རྐྱབ་ནི་དེ་གིས་ཨིན་པས།
དཔེར་ན་ ཁྲོམ་སྦུག་ལུ་ཡོད་མི་ འོད་འབར་རང་ལུགས་ལག་བཟོ་ཚོང་ཁང་དེ་ ཧེ་མ་ སྣ་ཚོགས་ཚོང་ཁང་ཨིན་རུང་ ན་ཧིང་ལས་ ཁྱིམ་གྱི་ཇོ་བདག་གིས་ ལག་བཟོ་ཚོང་ཁང་ལུ་ བསྒྱུར་བཅོས་འབད་བཅུག་ནུག།
ལོ་༣ གྱི་ཧེ་མ་འབད་བ་ཅིན་ ལག་བཟོ་ཚོང་ཁང་ཚུ་གིས་ ཁེ་སང་ལེགས་ཤོམ་ བཟོ་ཚུགས་ནི་ཡོད་རུང་ ད་རེས་ནངས་པར་ དོ་འགྲན་འབད་དགོ་པའི་ གནས་སྟངས་ལུ་ གྱུར་ཏེ་འདུག།
འོད་འབར་ལག་བཟོ་ཚོང་ཁང་ནང་ ཚོང་བཙོང་མི་ བདེ་ཆེན་གསལ་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོང་ཁང་དེ་གི་དོན་ལུ་ ཟླཝ་རེ་ནང་ ཁང་གླ་དངུལ་ཀྲམ་༢༠,༠༠༠ རེ་ སྤྲོད་དོ་ཡོདཔ་ལས་ ཁེ་སང་དེམ་ཅིག་ མིན་འདུག་ཟེར་ཨིན་པས།
རེ་བེན་ལག་བཟོ་ཚོང་ཁང་གི་ཇོ་བདག་ སྐྱེས་ལོ་༤༡ ལང་མི་ འཆི་མེད་ཀྱིས་ཡང་ སྤྱི་ལོ་༢༠༡༣ ལུ་ རྨགཔ་དང་གཅིག་ཁར་ ཡ་བྲལ་སོང་པའི་ཤུལ་ལས་ མོ་རའི་ཨ་ལོ་གསུམ་ གསོ་སྐྱོང་འབད་ནིའི་དོན་ལུ་ ལག་བཟོ་ཚོང་ཁང་ཅིག་ སྒོ་ཕྱེ་ཡོད་རུང་ ད་རེས་ནངས་པར་ མོ་གིས་ མནོ་དོ་བཟུམ་སྦེ་ ཁེ་སང་མིན་འདུག་ཟེར་ བཤདཔ་ཨིན་པས།
མོ་གིས་ བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ ཁྲོམ་ཁར་ལག་བཟོ་ཚོང་ཁང་ དེ་ཅིག་མེདཔ་ལས་ ཉོ་མི་འོང་ནི་ཡོད་རུང་ ད་རེས་ནངས་པར་ ལྟ་བཤལཔ་ཉུང་སུ་ཅིག་ལས་ འོང་ནི་མེད་པའི་ དུས་ཚོད་ཨིན་པའི་ཁར་ ཚོང་ཁང་མང་དྲགས་ནི་དེ་གིས་ ཉིནམ་༡ ནང་ ཚོང་མགྲོན་པ་ཕུད་རྡོག་གཅིག་ཡང་ ཐོབ་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
དོག་མ་པ་ནེ་ཚོང་ཁང་གི་ ཇོ་བདག་ཅིག་གིས་ སླབ་མིའི་ནང་ ཁྲོམ་གྱི་སྦུག་ལུ་ ས་གོ་འཚོལ་རུང་ ཐོབ་མ་ཚུགསཔ་ལས་ བྱ་ཐབས་མེད་པར་ ཚོང་མགྲོན་པ་གངམ་མེད་པའི་ས་གནས་ གྱེདཔ་སྟོད་ལུ་ ཚོང་ཁང་བཙུགས་དགོཔ་ ཐོན་ཡི་ཟེར་ཨིན་པས།
བཱུ་ཏཱན་མེཌ་ལག་བཟོ་ཚོང་ཁང་གི་ཇོ་བདག་ འཕྲིན་ལས་དཔལམོ་གིས་ ཧེ་མ་ ཐིམ་ཕུག་ཁྲོམ་ཁར་ གོ་ལའི་རིགས་འཐགས་ཏེ་ ཚོང་འབྲེལ་འཐབ་པའི་ཤུལ་ལས་ ལོ་༣ དེ་ཅིག་གི་ཧེ་མ་ སྤ་རོ་ལུ་ ཁེ་སང་ཡོདཔ་ཤེས་ཏེ་ ལག་བཟོ་ཚོང་ཁང་ སྒོ་ཕྱེ་ནུག།
མོ་གིས་ སླབ་མིའི་ནང་ ཚོང་འབྲེལ་གྱི་ དོ་འགྲན་སྦོམ་བྱུང་ནི་དེ་གིས་ ཐབས་ཤེས་བཏོན་ཏེ་ སྐྱིད་གནས་ཁང་ཚུ་ནང་ གོ་དང་དཀྱི་ར་ཚུ་ བཀྲམ་སྤེལ་འབད་ནི་ འགོ་བཙུགས་ཡོདཔ་ལས་ དེ་གིས་ མོ་རའི་ཚོང་འབྲེལ་ལུ་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིནམ་ད་ དེ་བཟུམ་མའི་ ཚོང་འབྲེལ་མ་འཐབ་པ་ཅིན་ ལག་བཟོ་ཚོང་ཁང་ལས་ ཁེ་སང་བཟོ་མི་ཚུགས་པས་ཟེར་ འཕྲིན་ལས་དཔལམོ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༣ དང་༢༠༡༦ ལུ་ རྒྱལ་འཛིན་ཐགས་རིགས་འགྲེམས་སྟོན་གྱིས་ ལོ་བསྟར་འགྲན་བསྡུར་འགོ་འདྲེན་འཐབ་པའི་སྐབས་ འཕྲིན་ལས་དཔལམོ་གིས་ ཨང་དང་པ་ཐོན་ཡོདཔ་ད་ གསོལ་རས་ཐོབ་མིའི་ ལག་ཁྱེར་ཚུ་ ཚོང་ཁང་ནང་ དཔྱངས་བཞག་ཡོད་མི་ལུ་བལྟ་སྟེ་ ལྟ་བཤལཔ་ཚུ་གིས་ ཚོང་ཉོ་ནི་འདུག་ཟེར་ བཤདཔ་ཨིན་པས།
དེ་འབདཝ་ལས་ མོ་གིས་ ཁྱིམ་ཐོག་༢ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༦༧,༠༠༠ རེ་སྤྲོད་དེ་ སྟེང་ཐོག་ལུ་ ཐགས་འཐག་མི་ ཨམ་སྲུ་༦ དེ་ཅིག་ བཙུགས་ཏེ་ཡོདཔ་ཨིན་པའི་གནས་ཚུལ།

སྤ་རོ་ལས་ བཀྲིས་བསྟན་འཛིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *