ཚོགས་སྡེའི་གྲོས་ཆོད་ལུ་ རྒྱལ་ཡོངས་ཚོགས་འདུ་ ཚ་གྱང་ལང་དགོཔ་བྱུང་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེ་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་གྱི་དཔྱད་ཡིག་༢༠༡༦ ཅན་མ་དེ་ དགག་ཆ་ཐོག་ ངོས་ལེན་འབད་མ་བཏུབ་མི་དེ་ འོས་ལྡན་མེད་མི་དེ་ཡང་ བསྐྱར་ཞིབ་ཚོང་ཁང་གིས་ ཏི་རུའི་དཔྱད་ཡིག་གི་ཐད་ལུ་ གྲོས་འདེབས་རྐྱངམ་གཅིག་ བཀོད་ཆོག་མི་ལུ་བརྟེན་ཨིན་པས།
དེ་ཡང་ ཁ་ཙ་ ཚོགས་སྡེ་གིས་ ཏི་རུའི་དཔྱད་ཡིག་ཨིན་མི་ དངུལ་འབྲེལ་མཐུན་རྐྱེན་གྱི་ གྲོས་ཐག་བཅད་ཡོད་མིའི་གུ་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ གྲོས་བསྡུར་གནངམ་ད་ ཞུ་ཡི།
འདས་པའི་བདུན་ཕྲག་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ དངུལ་འབྲེལ་མཐུན་རྐྱེན་ཚུ་དང་ དམིགས་དོན་ཚུ་ འོས་ཁུངས་དང་ལྡནམ་སྦེ་མིན་འདུག་ཟེར་ གནད་ཁུངས་བཤད་ཐོག་ལས་ ཏི་རུའི་དཔྱད་ཡིག་དེ་ལུ་ ངོས་ལེན་མེད་པར་ བཀག་ཆ་འབད་བཏང་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་འབད་བ་ཅིན་ ཚོགས་སྡེ་ལུ་ ཏི་རུའི་དཔྱད་ཡིག་ནང་ དབང་ཚད་མེདཔ་ལས་ འདི་བཟུམ་ཐག་བཅད་མི་དེ་ལུ་ ཚ་གྱང་ཡོད་ཟེར་ཨིན་པས།
བུམ་ཐང་ཆུ་སྨད་-ཨུ་རའི་འཐུས་མི་ ཚེ་དབང་འགྱུར་མེད་ཀྱིས་ སྤྱི་ལོ་༢༠༡༡ ལུ་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པའི་བར་ན་ རྩ་ཁྲིམས་ཅན་གྱི་ རྩོད་གཞི་འགོ་དང་པ་ ཕྱེ་བའི་སྐབས་ མངོན་མཐོ་ཁྲིམས་འདུན་གྱིས་ འཁྲུན་ཆོད་ནང་ རྒྱལ་ཡོངས་ཚོགས་སྡེའི་ ཁ་ཐུག་ལས་ ཏི་རུའི་དཔྱད་ཡིག་ཚུ་གི་སྐོར་ གྲོས་འདེབས་ཕུལ་མི་ཚུ་ལུ་ ངེས་པར་དུ་ ཆ་གནས་འབད་དགོཔ་མེདཔ་སྦེ་ བཀོད་དེ་ཡོད་པའི་སྐོར་ ཞུ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཏི་རུའི་དཔྱད་ཡིག་ཚུ་གི་ཐད་ལུ་ལྷོདཔ་ད་ རྒྱལ་ཡོངས་ཚོགས་འདུ་ལུ་ ཐག་བཅད་ཀྱི་ དབང་ཚད་ཡོདཔ་ལས་ བསྐྱར་ཞིབ་ཚོགས་ཁང་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དཔྱད་ཡིག་དེ་ ཆ་མེད་བཏང་དགོ་པའི་ འོས་ཁུངས་ཅིག་ མི་མཐོངམ་མས་ཟེར་ཨིན་པས།
ཚོགས་སྡེ་གིས་ དགག་པ་རྐྱབ་སྟེ་ རྒྱལ་ཡོངས་ཚོགས་འདུ་ལུ་ གྲོས་འདེབས་བཀོད་ནི་རྐྱངམ་གཅིག་ཆོག་ཟེར་ ཧེ་མར་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ ཕྱག་ཞུ་མི་ཚོགས་འདུའི་འཐུས་མི་ཚེ་དབང་འགྱུར་མེད་ཀྱིས་ ཞུ་བའི་ཁར་ དེ་སྦེ་ ཆ་མེད་བཏང་མི་ལུ་ལྟཝ་ད་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིན་མས་ཟེར་ཞུ་ཡི།
པདྨ་དགའ་ཚལ་མཁར་-གཡུ་རུང་གི་འཐུས་མི་ བཟང་ལེགས་འབྲུག་པ་གིས་ཡང་ ཚོགས་སྡེའི་གྲོས་ཆོད་ལུ་བལྟ་སྟེ་ ཚ་གྱང་ལང་ཡི་ཟེར་ཨིནམ་ད་ ཝམ་རོང་གི་ འཐུས་མི་དང་ དངུལ་རྩིས་ཚོགས་ཆུང་གི་ཁྲི་འཛིན་ ཀརྨ་བསྟན་འཛིན་གྱིས་འབད་བ་ཅིན་ ཚོགས་སྡེའི་ཐུགས་འཆར་ཚུ་ གྲོས་འདེབས་སྦེ་ འོང་དགོ་མི་དེ་ཡང་ དངུལ་འབྲེལ་མཐུན་རྐྱེན་དེ་ དཔལ་འབྱོར་ཡར་དྲག་གཏང་ནི་གི་ དམིགས་གཏད་ལུ་ཨིན་ཟེར་ཞུ་ཡི།
སྤ་རོ་ལམ་གོང་-ཝང་ཅང་གི་འཐུས་མི་ མཁའ་འགྲོ་དབང་ཕྱུག་གིས་འབད་བ་ཅིན་ ཚོགས་སྡེའི་གྲོས་ཆོད་ལུ་ ཆ་གནས་འབད་དགོཔ་མེད་རུང་ གྲོས་འདེབས་བཀོད་མི་ཚུ་ལུ་བལྟ་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ ཞུ་མིའི་ནང་ ཚོགས་སྡེ་དང་ ལྡོག་ཕྱོགས་ཚོགས་པ་གཉིས་ཆ་ར་ལུ་ ཚ་གྱང་ཡོདཔ་ལས་ གཞུང་ལུ་ ཐུགས་ཚ་གྱང་བཞེས་དགོ་ཟེར་ཨིནམ་ད་ དཔྱད་ཡིག་དེ་ ཚོགས་ཁང་ནང་ གྲོས་བསྡུར་རྒྱས་པར་ མ་འབད་བར་ འཚབ་འཚབ་རིལ་རི་སྦེ་ བཙུགས་ཡོདཔ་ལས་ འཐུས་མི་ལ་ལོ་ཅིག་ལུ་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ འཕྲུལ་རྟ་ཨེབ་ནི་གི་ དུས་ཚོད་ཡང་ ཐོབ་མ་ཚུགས་ཟེར་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ དཔྱད་ཡིག་དེ་ གྲོས་བསྡུར་མ་གནང་པར་ ཚོགས་རྒྱན་བཙུགས་ཡོདཔ་ལས་ ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་ རྒྱབ་སྐྱོར་ཕུལ་མ་ཚུགས་ཟེར་ཨིནམ་ད་ དངུལ་འབྲེལ་མཐུན་རྐྱེན་དེ་ གལ་གནད་ཆེ་བའི་ དཔྱད་ཡིག་ཨིན་རུང་ རིམ་གྱིས་པ་དང་འཁྲིལ་ མ་འབད་བར་ ཆ་འཇོག་གྲུབ་ད་ཡི་ཟེར་ཞུ་ཡི།
ཨིན་རུང་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་འབད་བ་ཅིན་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་༤ གིས་ དཔྱད་ཡིག་ལུ་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
དངུལ་འབྲེལ་མཐུན་རྐྱེན་དེ་ འཐུས་མི་ཚུ་གིས་ ལགཔ་ཡར་འཐུ་སྟེ་ ཆ་འཇོག་གྲུབ་ཡོདཔ་སྦེ་ རྒྱལ་ཡོངས་ཚོགས་འདུ་གིས་ ངོས་ལེན་མཛད་ཡོདཔ་བཞིན་དུ་ དཔྱད་ཡིག་དེ་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༨ ལས་ ཆ་གནས་འབད་ནི་ཨིན་པའི་གནས་ཚུལ།

About admin

Check Also

ལྗིད་ཚད་འཐུ་ནིའི་ནང་ བཅའ་མར་གཏོགས་མི་གངམ་མེདཔ།

༉ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ལྗིད་ཚད་འཐུ་ནི་དེ་ འགོ་དང་པ་ སྤྱི་ལོ་༢༠༡༧ ལས་ འགོ་བཙུགས་ཡོད་རུང་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་བརྒལ་ མི་འཐོན་དོ་ཡོདཔ་ཨིན་པས། ལྗིད་ཚད་འཐུ་ནིའི་ སློབ་སྟོན་པ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ …

Leave a Reply

Your email address will not be published. Required fields are marked *