ཚོགས་རྒྱན་མ་བཙུགས་པའི་ཧེ་མར་ སྲིད་ཚོགས་གདམ་ཁ་རྐྱབ་ཤེས་དགོཔ།

༉ དུས་ཅི་ སྤྱི་ལོ་༢༠༡༨ ཀྱི་བཙག་འཐུ་ནང་ དོ་འགྲན་འབད་ནི་ཨིན་མི་ སྲིད་དོན་ཚོགས་པ་ཚུ་གིས་ ཐིམ་ཕུག་རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ སྤྱི་དོན་ཁང་ནང་སྦེ་ ཚོགས་པའི་ལྷན་འཛོམས་ འགོ་འདྲེན་འཐབ་སར་ལྟཝ་ད་ སྲིད་ཚོགས་ཚུ་གིས་ ལྷན་འཛོམས་ཚར་རེ་ འགོ་འདྲེན་འཐབ་ད་ སྤྱི་དོན་ཁང་གི་ ཤོང་ཚད་དེ་ཡང་ ཚར་རེ་རྒྱ་སྦོམ་འགྱོ་བའི་ ཚོར་སྣང་བྱུངམ་ཨིན་མས།
དེ་ཡང་ སྤྱི་ཟླ་༥ པའི་ནང་ འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ སྤྱི་དོན་ཁང་ནང་ འགོ་དང་པ་ ཚོགས་པའི་ལྷན་འཛོམས་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་པའི་རྒྱབ་སྐྱོར་པ་༢,༠༠༠ ལྷགཔ་ཅིག་གིས་ གྲལ་གཏོགས་འབད་ཡི།
ཟླཝ་༡ གི་ཤུལ་ལས་ སྤྱི་དོན་ཁང་དེ་ནང་སྦེ་ར་ འབྲུག་ཀུན་མཉམ་ཚོགས་པ་གིས་ ལྷན་འཛོམས་འགོ་འདྲེན་འཐབ་ད་ མི་ངོམ་༦,༥༠༠ ལྷགཔ་ཅིག་ འཛོམས་ཡོདཔ་བཞིན་དུ་ འདས་པའི་ཟླཝ་ནང་ འབྲུག་ཕུན་སུམ་ཚོགས་པའི་ ལྷན་འཛོམས་ནང་ མི་ངོམ་༥,༥༠༠ དེ་ཅིག་ལྷོད་ནུག།
སྤྱི་ཟླ་༨ པའི་ཚེས་༤ ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ ལྷན་འཛོམས་མཇུག་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཚོགས་པའི་རྒྱབ་སྐྱོར་པ་༩,༠༠༠ དེ་ཅིག་གིས་ གྲལ་གཏོགས་འབད་ཡི་ཟེར་ སླབ་ཨིན་མས།
ལོ་ཨ་རྟག་ར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་གྱི་ གོམས་འདྲིས་ཞལ་འཛོམས་དོན་ལུ་ ལག་ལེན་འཐབ་མི་ རྒྱལ་ཁབ་ནང་ སྦོམ་ཤོས་ཅིག་ཨིན་མི་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ སྤྱི་དོན་ཁང་གི་ ཤོང་ཚད་དེ་ ངོ་མ་འབད་བ་ཅིན་ མི་གྲངས་༣,༠༠༠ དེ་ཅིག་ཨིནམ་ད་ སྲིད་དོན་པ་ཚུ་གིས་འབད་བ་ཅིན་ སྔོན་རྩིས་བཏོན་མི་དེ་ རྐང་ཁྲི་གུ་སྡོད་མི་རྐྱངམ་གཅིག་ ཨིན་མས་ཟེར་ བདེན་ཁུངས་གཟངམ་ཨིན་མས།
སྲིད་ཚོགས་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་དོན་ཁང་ནང་ མི་མ་ཤོང་ནི་དེ་གིས་ མང་ཤོས་ཅིག་ ས་ཁར་སྡོད་པའི་ཁར་ ཕྱི་ཁར་ གུར་སྤུབས་བཞག་མི་ཚུ་ནང་ཡང་ ལྟེམ་ལྟེམ་སྦེ་ གང་ནི་དེ་གིས་ རྒྱབ་སྐྱོར་པ་ཚུ་ལས་ ངོས་ལེན་ལེགས་ཤོམ་བྱུང་ཡི་ཟེར་ སེམས་དགའ་ནུག།
དེ་བཟུམ་མའི་ གནས་སྟངས་ལུ་ལྟཝ་ད་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་དེ་ ད་རེས་ ལྷན་འཛོམས་ནང་ གྲལ་གཏོགས་འབད་མིའི་ གྱངས་ཁ་དང་འཁྲིལ་ཏེ་ འགྱོ་ནི་བཟུམ་མའི་ མནོ་ལུགས་བྱུང་ཡོདཔ་ལས་ སྲིད་ཚོགས་ཚུ་གིས་འབད་རུང་ གྲོས་འཛོམས་ཀྱི་ བཅུད་དོན་ལུ་མ་བལྟ་བར་ རྒྱབ་སྐྱོར་པའི་གྱངས་ཁ་དེ་ ལྷག་པར་དུ་ ཡར་སེང་འབད་དེ་ སླབ་མི་དེ་ལུ་ མི་མང་གིས་ སྐྱོན་བརྗོད་འབདཝ་ཨིན་པས།
ད་རེས་ གནད་འགག་ཅན་གྱི་ དུས་ཚོད་འདི་ནང་ མི་ཚུ་གིས་ དམིགས་བསལ་སྲིད་ཚོགས་དང་ ཡང་ཅིན་ འདེམས་ངོ་ཅིག་ལུ་ རང་སོའི་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ བརྟག་ཞིབ་འབད་དེ་ ཐག་བཅད་ཤེས་དགོཔ་ཨིནམ་ད་ གཅིག་ལས་བལྟ་བ་ཅིན་ སྤྱི་ཚོགས་ཀྱི་བཙག་འཐུ་ བསྐོར་ཐེངས་༢ འབད་ཚར་བའི་ཤུལ་ལས་ མི་ཚུ་གིས་ བཙག་འཐུའི་བྱ་རིམ་ཚུ་ ཧ་གོ་དགོཔ་ཨིན།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ སྲིད་འབྲེལ་གྱི་ གནད་དོན་ཚུ་ནང་ ཏི་རུ་མེད་པ་ཅིན་ རང་གི་མནོ་དོན་ཚུ་ འགྲུབ་མི་ཚུགས་པས་ཟེར་བའི་ འཐོར་གཏམ་ཚུ་ ཁྱབ་སྤེལ་འགྱོ་དོ་ཡོདཔ་བཞིན་དུ་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་རུང་ དེ་བཟུམ་སྦེ་ར་ རེ་བ་བསྐྱེདཔ་ཨིན་མས།
འགོ་ཐོག་བཙག་འཐུ་རན་མི་དང་བསྟུན་ སྲིད་དོན་ཚོགས་པ་ཚུ་གིས་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ མི་སྡེ་ཚུ་ནང་ སྐུལ་བསྒྲགས་དང་ རྒྱུ་སྐུལ་གྱི་ ཐབས་བྱུས་ཚུ་ ག་དེ་སྦེ་ར་བཏོན་རུང་ གཙོ་བོ་ཚོགས་རྒྱན་བཙུགས་མི་ཚུ་གིས་ སྲིད་ཚོགས་ཚུ་གི་ ཁས་བླངས་གསལ་བསྒྲགས་དང་ ལྟ་བ་ དེ་ལས་ དམིགས་གཏད་ཚུ་ ག་དྲགཔ་ཨིན་ན་ ནན་ཞིབ་འབད་ཞིནམ་ལས་ ངན་སྐུལ་གྱི་དབང་དུ་མ་ཐལ་བར་ རང་གིས་ར་ གདམ་ཁ་རྐྱབ་སྟེ་ ཚོགས་རྒྱན་བཙུགས་དགོཔ་ཨིན།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *