༉ རྩི་རང་རྫོང་ཁག་གི་ བཙག་འཐུ་འགོ་དཔོན་ཚུ་གིས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཚོགས་རྒྱན་འཕྲུལ་ཆས་ཨེབ་ནི་རྐྱངམ་གཅིག་མེན་པར་ ཚོགས་རྒྱན་བསྐྱུར་ནིདང་འབྲེལ་བའི་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་ནི་དེ་ཡང་ ཁག་ཆེ་ཟེར་ བཤད་ནུག།
རྫོང་ཁག་དེ་ནང་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་ཚུ་གི་དོན་ལུ་ གོ་བརྡའི་ལས་རིམ་འགོ་འདྲེན་འཐབ་མི་དེ་ མཇུག་བསྡུ་ཡོདཔ་ཨིན་རུང་ གནས་ཚུལ་སྐྱོ་ཤོས་དེ་ར་ མི་མང་གིས་ ལས་རིམ་ནང་ བཅའ་མར་གཏོགས་པར་ འོང་མིའི་གྱངས་ཁ་དེ་ ཉུང་སུ་ཅིག་ལས་ མ་ཐོན་མི་དེ་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་གིས་ རྫོང་ཁག་གི་ སྤྱི་འོག་༦༠ ནང་ ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ བཅའ་མར་གཏོགས་མི་ མི་སེར་༡,༧༡༦ དེ་ཅིག་ལས་ མ་ཐོནམ་ཨིན་པས།
བཅའ་མར་གཏོགས་མི་ མཐོ་ཤོས་དེ་ སེམས་ལྗོངས་རྒེད་འོག་ནང་༢༤༤ འབད་མི་དེ་ཨིནམ་ད་ དེ་གི་ཤུལ་ལས་ དུང་ལ་སྒང་ལུ་༡༨༩ དང་ དཀྱིལ་འཁོར་ཐང་ལུ་༡༦༣ དེ་ལས་ རྩི་རང་སྟོད་དང་ མནྡལ་སྒང་ལས་༡༤༦ གིས་ བཅའ་མར་གཏོགས་ནུག།
སྤར་ཚ་གླིང་ལུ་ མི་སེར་༡༤༤ དང་ རང་ཐང་གླིང་ལུ་༡༣༨ དེ་ལས་ གསེར་གྱི་ཐང་ལུ་༡༡༨ དང་ བར་གཤོང་ལུ་ ༡༡༢ སྒོ་གསར་གླིང་ལུ་༡༠༩ དང་ མཚོ་གླིང་མཁར་ལུ་༡༠༨ ཀྱིས་ ལས་རིམ་ནང་ བཅའ་མར་གཏོགས་པར་ འོང་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ ཉུང་ཤོས་ར་ ཕུན་བརྟན་ཆུ་རྒེད་འོག་ནང་ མི་༩༩ འོང་མི་དེ་ཨིནམ་ད་ བཙག་འཐུ་འགོ་དཔོན་ སྐྱིད་བུ་བཟང་པོ་གིས་ བཤད་མིའི་ནང་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཚོགས་རྒྱན་བཙུགས་ནིའི་ ལམ་ལུགས་སྐོར་ གོ་བརྡ་སྤྲོད་མི་དང་འབྲེལ་ ཚོགས་རྒྱན་བཙུགས་མི་ མང་སུ་འཐོན་ནིའི་ཐབས་ལུ་ དམངས་གཙོའི་རིང་ལུགས་ནང་ ཕོ་མོའི་དབང་ཚད་འདྲ་མཉམ་ཡོད་པའི་ སྐོར་ལས་ཡང་ གོ་བརྡ་བཤད་བྱིན་ནི་དེ་ གལ་ཆེཝ་སྦེ་ མཐོང་ཡི་ཟེར་ཨིན་པས།
མི་ཚུ་གིས་ དེ་བཟུམ་མའི་ ལས་རིམ་ཚུ་ ཁག་མི་ཆེ་བས་མནོ་སྟེ་ བཅའ་མར་གཏོགས་མི་བཏུབ་པས་ཟེར་ཨིནམ་ད་ ལས་རིམ་དེ་ནང་ སྤྱི་འོག་༦༠ གི་དོན་ལུ་ སྡེ་ཚན་༦ བཟོ་སྟེ སྤྱི་ཟླ་༧ པའི་ཚེས་༡༨ ལས་ སྤྱི་ཟླ་༨ པའི་ཚེས་༧ ཚུན་ འགོ་འདྲེན་འཐབ་པའི་སྐབས་ སློབ་ཕྲུག་༢,༠༠༠ དེ་ཅིག་གིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་གིས་ དམིགས་བསལ་ལས་རིམ་ཐོག་ལས་ གཡུས་སྒོའི་གནས་རིམ་ནང་ཡང་ ལས་རིམ་འགོ་འདྲེན་འཐབ་མི་དེ་གིས་ མི་༡,༠༠༠ དེ་ཅིག་ལུ་ ཁྱབ་ཚུགས་ཡོདཔ་ཨིན་པས།
སྐྱིད་བུ་བཟང་པོ་གིས་ བཤད་མིའི་ནང་ སྤྱིར་བཏང་ཚོགས་རྒྱན་བཙུགས་མི་གི་ནང་ལས་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ བཅའ་མར་གཏོགས་མི་ མང་སུ་འཐོན་ནི་དེ་ ཤེས་ཡོན་དང་འཁྲིལ་འགྱོཝ་མས་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་མི་ག་ར་གིས་ ཚོགས་རྒྱན་དང་འབྲེལ་བའི་ གོ་བརྡ་སྤྲོད་ནི་དང་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཁོང་གི་འགན་ཁུར་ཚུ་ ཧ་གོ་ཚུགསཔ་ བཟོ་ནི་དེ་ གལ་ཆེ་བས་ཟེར་ ཁོ་གིས་ བཤད་པའི་ཁར་ དེ་གི་དོན་ལུ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཐོ་བཀོད་དང་ བཙག་འཐུའི་སྐུལ་བསྒྲགས་ དེ་ལས་ ཚོགས་རྒྱན་ས་ཁོངས་ཀྱི་ ལམ་ལུགས་ཚུ་དང་ འདེམས་ངོ་དང་ སྲིད་དོན་ཚོགས་པ་ ཤེས་ནི་ཚུ་ ཁག་ཆེ་བས་ཟེར་ བཤདཔ་ཨིན་པས།
ཚོགས་རྒྱན་སྐྱུར་མི་ཚུ་ལུ་ གོ་བརྡའི་ཤེས་ཡོན་སྤྲོད་མི་དེ་གིས་ བཙག་འཐུ་དང་འབྲེལ་བའི་ བརྡ་དོན་ཚུ་ག་ར་ འཐོབ་ཚུགས་ནིའི་ གོ་སྐབས་ཡོདཔ་ཨིན་པས།
བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ གནད་དོན་༡ དེ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཁོང་གི་ ངོ་སྤྲོད་ལག་ཁྱེར་འབག་སྟེ་ ཚོགས་རྒྱན་བཙུགས་པར་འོང་མི་དང་ ཆ་གནས་ཡོད་མི་ ཚོགས་རྒྱན་འདྲ་པར་ འབག་ཡོད་མེད་ཀྱི་སྐོར་ལས་དང་ རང་སོའི་ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ འགྱོ་ཡོད་མེད་ཚུ་ ཐོན་དོ་ཡོདཔ་ཨིན་པས།
དབང་པོ་ལུ་ སྐྱོན་ཕོག་མི་ཚུ་ལུ་ གོ་བརྡ་སྤྲོད་ཐབས་ལུ་ རྫོང་ཁག་གི་ བཙག་འཐུ་འགོ་དཔོན་ཚུ་གིས་ འགྲེས་ཐོག་ཚོགས་རྒྱན་ས་ཁོངས་ནང་ བཙུགས་ནིའི་དོན་ལུ་ ཐོ་བཀོད་འབད་བཅུག་ནིའི་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
རྫོང་ཁག་གི་ བཙག་འཐུ་ཡིག་ཚང་གི་ གནས་སྡུད་དང་འཁྲིལཝ་ད་ སྐྱེས་ལོ་༡༨ ཡན་ཆད་འབད་མི་ དབང་པོ་ལུ་ སྐྱོན་ཞུགས་མི་༢༤༤ ཡོདཔ་ཨིན་རུང་ དབང་པོ་སྐྱོན་ཞུགས་ཀྱི་ ཁ་གསལ་ཚུ་ གཏན་འཁེལ་མ་བཟོ་བར་ཡོད་པའི་གནས་ཚུལ།

རྫོང་ཁག་བཙག་འཐུ་འགོ་དཔོན་གྱིས་ མི་སེར་ཚུ་ལུ་ གོ་བརྡ་སྤྲོད་པའི་བསྒང་།