ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཡིད་ཆེས་འདྲོངས་དགོ་པ་ཅིན་ རྩོད་བསྡུར་འབད་དགོཔ།

༉ སྲིད་དོན་ཚོགས་པ་ཚུ་གིས་ མི་མང་ལུ་ ཁས་བླངས་གསལ་བསྒྲགས་འབད་དགོ་པའི་ གནད་ཁུངས་ག་ཅི་ཨིན་ན?
དམངས་གཙོའི་རིང་ལུགས་ནང་ གཞུང་དེ་ མི་མང་གིས་ བཙག་འཐུ་འགྲུབ་དགོཔ་ད་ དང་པ་ར་ སྲིད་དོན་ཚོགས་པ་ཚུ་གིས་ འཕྲལ་ཕུགས་གཉིས་ཆ་ར་ལུ་ཕན་པའི་ ཁས་བླངས་འབད་ཐོག་ལས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཡིད་ཆེས་འདྲོངས་ཚུགསཔ་ བཟོ་དགོཔ་ཨིན།
དེ་འབདཝ་ལས་ སྲིད་དོན་པ་ཚུ་གིས་ མི་སེར་ཚུ་ལུ་ དགོས་མཁོ་ག་དེ་སྦེ་ མཁོ་སྤྲོད་འབད་ནི་ཨིན་ན་དང་ དཀའ་ངལ་ག་དེ་སྦེ་ སེལ་ནི་ཨིན་ན་ གསལ་བཤད་ཐོག་ ཁས་བླངས་འབད་ནི་དེ་གལ་ཆེ།
ད་རེས་ནངས་པར་ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་གཉིས་ཀྱིས་ གྲོས་བསྡུར་འབད་མི་ཚུ་ལུ་ བལྟ་བ་ཅིན་ འབྲུག་པའི་མི་སེར་ཚུ་ལུ་ སྣུམ་འཁོར་ཀཱར་གཏང་ནི་དང་ བརྡ་དོན་ཡོངས་འབྲེལ་མཐུན་རྐྱེན་ རིན་མེད་སྟོང་པར་ ཐོབ་ཚུགསཔ་བཟོ་ནི་དེ་ དགོས་མཁོ་ཅན་ཅིག་ཨིནམ་སྦེ་ གསལ་སྟོན་འབདཝ་མས།
འདི་བཟུམ་མའི་ མཐུན་རྐྱེན་ཚུ་ལུ་ འབྲུག་པའི་མི་སེར་ཚུ་གིས་ སྤྲོ་བ་བསྐྱེད་ནི་ཨིན་རུང་ སྤྱི་ཚོགས་ཀྱི་ འཐུས་མིའི་དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་ཚུ་གིས་ མི་སེར་ཚུ་ལུ་བྱུང་མི་ གདོང་ལེན་དང་ དཀའ་སྡུག་སེལ་ཐབས་འབད་ནིའི་སྐོར་ རྩོད་བསྡུར་འབད་ནི་གི་ རེ་བ་བསྐྱེདཔ་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ ཁྱིམ་གུང་རེ་ལུ་ སྣུམ་འཁོར་གྱི་ ཐོབ་སྐལ་རེ་ བྱིན་ནི་གི་ ཁས་བླངས་འབད་མི་དེ་ རྒྱལ་ཁབ་ཀྱི་ འཁོར་ལམ་གནས་སྟངས་སྐྱོ་དྲགས་ཡོད་མི་དང་ མི་མང་སྐྱེལ་འདྲེན་ལམ་ལུགས་ ལེགས་ལྡན་མེད་པའི་ ནམ་དུས་ལུ་ འོས་འབབ་དང་ ལྡན་ཏོག་ཏོ་ཅིག་ མི་མཐོངམ་མས། དེ་བཟུམ་སྦེ་ བརྡ་དོན་ཡོངས་འབྲེལ་གྱི་མཐུན་རྐྱེན་ རིན་མེད་སྟོང་པར་ བྱིན་ནི་དེ་ཡང་ ད་རེས་ནངས་པར་ ཐོབ་སྤྱོད་ ལམ་ལུགས་ཕན་ནུས་ཅན་མེདཔ་ལས་ ལག་ལེན་དོངས་བསྟར་ནང་ལྷོདཔ་ད་ ག་དེ་སྦེ་འོང་ག་ཟེར་ དྲི་བཀོད་ཡང་འབདཝ་ཨིན་མས།
ད་ལྟོ་ རྫོང་ཁག་སོ་སོའི་ནང་ སྲིད་དོན་ཚོགས་པ་༢ ཀྱི་ འདེམས་ངོ་ཚུ་གི་བར་ན་ མི་མང་རྩོད་བསྡུར་འབད་བའི་བསྒང་ཡོད་མི་དེ་ཡང་ མི་སེར་ཚུ་གིས་ ཁོང་གི་འདེམས་ངོ་ ལྕོགས་གྲུབ་དང་ འཇོན་ཐངས་ཅན་ཡོད་མེད་ ཤེས་རྟོགས་འབྱུང་ནི་དང་ ཁོང་གི་ཁས་བླངས་ཚུ་གིས་ ཚོགས་རྒྱན་བཙུགས་མི་ཚུ་གི་ རེ་འདོད་འགྲུབ་ཚུགས་མི་ཚུགས་ ཤེས་ཐབས་ལུ་ཨིན།
འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ མི་རྩིས་དང་ཁྱིམ་གྱི་གྲངས་རྩིས་སྙན་ཞུ་དང་འཁྲིལཝ་ད་ གྲོང་གསེབ་མི་སེར་ཚུ་གི་དོན་ལུ་ འཐུང་ཆུ་དང་ ཞིང་ཆུ་ དེ་ལས་ ཟམ་དང་ འཁོར་ལམ་ཚུ་ ལེགས་ཤོམ་སྦེ་ རྒྱུན་འགྲུལ་འཐབ་ཚུགསཔ་དགོཔ་དེ་ གཙོ་རིམ་ཅན་ཨིན་རུང་ ང་བཅས་ཀྱི་ སྲིད་དོན་པ་ཚུ་གི་ རྩོད་འགྲན་དེ་ གཅིག་གིས་གཅིག་ལུ་ སྐྱོན་བརྗོད་དང་ དམའ་ཕབ་རྐྱབ་ནིའི་ གཞི་གནད་ལུ་ གྱུར་ཡོདཔ་མ་ཚད་ འདེམས་ངོ་ཚུ་གིས་ ཁས་བླངས་འབད་མི་དང་ གསལ་བཤད་ཚུ་ སྲིད་ཚོགས་ཀྱི་ ལྟ་བ་དང་ གཞི་རྩ་ཚུ་ལས་ རྒྱབ་འགལ་འགྱོ་བའི་ མངོན་གསལ་བྱུངམ་མས།
འབྲུག་གི་སྤྱི་ཚོགས་༣ པའི་ སྤྱིར་བཏང་བཙག་འཐུ་ འགོ་འདྲེན་འཐབ་ནི་ལུ་ བདུན་ཕྲག་༢ ལས་བརྒལ་མེདཔ་ལས་ ཚོགས་རྒྱན་བཙུགས་མི་ཚུ་གི་ སེམས་ལྷུ་དགོ་པ་ཅིན་ རང་སོའི་ཁས་བླངས་གསལ་བསྒྲགས་རྐྱངམ་གཅིག་གི་སྐོར་ལས་ གསལ་བཤད་འབད་ནི་མེན་པར་ གཞན་གྱི་ཁས་བླངས་ཚུ་ལུ་ ཕན་རླབས་ཆེ་བའི་ སྐྱོན་བརྗོད་ཐོག་ ག་དེ་སྦེ་ འགྲུབ་ཐབས་འབད་ནི་ཨིན་ན་ ཁུངས་སྐྱེལ་ནི་དེ་གལ་ཆེ།
བཙག་འཐུའི་བྱ་རིམ་ནང་ མི་མང་གི་ གྲལ་གཏོགས་ཁག་ཆེཝ་ལས་ སྲིད་ཚོགས་ཚུ་གིས་ གལ་སྲིད་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ ཁས་བླངས་ཚུ་ ག་དེ་སྦེ་ འགྲུབ་ཐབས་འབད་ནི་ཨིན་ནའི་སྐོར་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཡིད་ཆེས་འདྲོངས་བཅུག་དགོཔ་ལས་ དེ་དང་འཁྲིལ་ རང་སོའི་ཐོབ་དབང་ བསྟར་སྤྱོད་ཐོག་ གྲོས་ཐག་བཅད་ཚུགས།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *