༉ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་གི་ བྱ་རིམ་ཚུ་ འགོ་བཙུགས་ཡོདཔ་བཞིན་དུ་ འདས་པའི་བདུན་ཕྲག་ནང་ འགྲེམ་ཐོག་ལས་བཏང་མི་ ཚོགས་རྒྱན་དང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ དེ་ལས་ འགྲུལ་སྐྱོད་ལྷན་ཐབས་ཚུ་ལས་ ཚོགས་རྒྱན་འབུམ་ལྷགཔ་ཅིག་བཙུགས་ནུག།
བཙག་འཐུ་ལྷན་ཚོགས་ཀྱིས་ དུས་ཅི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་གི་དོན་ལས་ ཚོགས་རྒྱན་སྐྱུར་མི་༤༣༨,༦༦༣ ཐོ་བཀོད་འབད་མིའི་གྲས་ལས་༡༣༣,༧༩༥ ལྷགཔ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ དེ་ནང་ལས་ འགྲེམ་ཐོག་རྒྱན་ཤོག་སྐྱུར་མི་༣༡,༢༦༧ ཨིན་མས།
འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུ་གི་ གྱངས་ཁ་ལུ་ བལྟ་བ་ཅིན་ ངལ་རངས་སི་སི་ཅིག་ཨིན་མི་དེ་ཡང་ ལྷན་ཐབས་ས་ཁོངས་ཚུ་ནང་ ཚོགས་རྒྱན་སྐྱུར་མི་༧༩,༥༡༥ འབདཝ་ད་ བརྒྱ་ཆ་༧༧.༥༥ ཨིནམ་ལས་ འདས་པའི་ཚོགས་རྒྱན་ཚུ་གི་ གྱངས་ཁ་ཚུ་དང་འཁྲིལཝ་ད་ ལེ་ཤ་གིས་ མང་དོ་ཡོདཔ་ལས་ དམངས་གཙོའི་རིང་ལུགས་ནང་ རང་སོའི་ཐོབ་དབང་ཚུ་ ལེགས་ཤོམ་སྦེ་ སྤྱོད་ཚུགས་པའི་ རྟགས་མཚན་ཅིག་ཨིན།
བཙག་འཐུའི་ནང་ སྲིད་དོན་ཚོགས་པ་ཚུ་ལུ་རྐྱངམ་གཅིག་གིས་མ་དོ་བར་ དམངས་གཙོའི་བྱ་རིམ་ནང་ ཁྱད་པར་སྦོམ་ བཟོ་ཚུགས་ནི་དེ་གིས་ཨིན། ག་འཆརཔ་ཟེར་བ་ཅིན་ མི་སེར་མངམ་གིས་ ཚོགས་རྒྱན་བཙུགས་པ་ཅིན་ གཞུང་སྐྱོང་ནང་ མི་སེར་གྱི་ གྲལ་གཏོགས་ཡར་འཕར་འགྱོཝ་ཨིན།
དུས་ཅིའི་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་༤ ཡོདཔ་ལས་ མི་སེར་ལུ་ གདམ་ཁ་རྐྱབ་ནི་གི་ གོ་སྐབས་ཡོདཔ་བཞིན་དུ་ སྤྱི་ཟླ་༩ པའི་ཚེས་༡༥ ལུ་ ཚོགས་རྒྱན་གྱི་ཉིན་མར་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ རྩ་ཁྲིམས་ཆེན་མོ་གིས་གནང་མི་ གཞི་རྟེན་ཐོབ་དབང་དང་ འགན་ཁུར་སྤྱོད་མི་ སྔར་བ་ལྷགཔ་སྦེ་ འོང་ནི་གི་ རེ་བ་འདུག།
ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་མང་ཉུང་གིས་ ཚོགས་རྒྱན་གྱི་ མཐའ་བཅད་གྲུབ་འབྲས་ཚུ་ལུ་ ཁྱད་པར་བཟོ་ཚུགས་ནི་ཨིན་རུང་ ཁྲོམ་སྡེ་ཚུ་ནང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ལས་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་དེ་ རེ་བ་བསྐྱེད་དོ་བཟུམ་ཅིག་ མ་ཐོན་པས།
མ་གཞི་ ཐིམ་ཕུག་བཟུམ་མའི་ ཁྲོམ་སྡེ་ཚུ་ནང་སྡོད་མི་ མང་ཤོས་ར་ ཡོན་ཏན་ཡོད་མི་དང་ བརྡ་དོན་ལེགས་ཤོམ་སྦེ་ ཤེས་རྟོགས་ཡོད་མི་ཚུ་ཨིན་རུང་ འདས་པའི་བདུན་ཕྲག་ནང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ནང་ལས་ ཚོགས་རྒྱན་སྐྱུར་མི་བརྒྱ་ཆ་༧༠.༨༨ ཨིན་མི་དེ་ རྫོང་ཁག་གཞན་ཚུ་ལས་ དམའ་ཤོས་ཨིནམ་ལས་ ངོ་ཚ་དགོཔ་ཅིག་ཨིན་མས།
མཐའ་ཟུར་གྱི་རྫོང་ཁག་ ལྷུན་རྩེ་ལུ་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་བརྒྱ་ཆ་༩༡.༨༩ འོང་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གིས་ ཚོགས་རྒྱན་སྐྱུར་མི་ཚུ་གི་ཧོངས་ལས་ རང་སོའི་ཐོབ་དབང་སྤྱོདཔ་ད་ ཁྱད་པར་ག་དེ་སྦེ་ བཟོ་ཚུགས་ནི་ཨིན་ན་ ཤེས་རྟོགས་ཡོད་ནི་དེ་གིས་ཨིན་མས།
ཨིན་རུང་ ཚོགས་རྒྱན་གྱི་ཉིན་མར་ རང་སོའི་ནོརབུ་དང་འདྲ་བའི་ ཚོགས་རྒྱན་བསྐྱུར་ནི་གི་ ཁྱད་ཚད་ལྡན་མི་༣༠༠,༠༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ནིའི་ རེ་བ་ཡོདཔ་ལས་ ལྕོགས་གྲུབ་ཅན་དང་ ཕན་ཐོགས་ཅན་གྱི་ སྲིད་དོན་ཚོགས་པ་༢ བཙག་འཐུ་འབད་ནིའི་ནང་ ཁྱད་པར་བཟོ་ཚུགས་པའི་ རེ་བ་ཡོད།
ལ་ལོ་ཅིག་གིས་འབད་བ་ཅིན་ ཚོགས་རྒྱན་ཕུད་རྡོག་གཅིག་གིས་ ཁྱད་པར་ག་ནི་ཡང་ བཟོ་མི་ཚུགས་ཟེར་ཨིན་རུང་ བཙག་འཐུ་དེ་ ལོ་ལྔའི་བར་ན་ཚར་རེ་ལས་ལྷག་ འགོ་འདྲེན་འཐབ་ནི་མེདཔ་ལས་ ང་བཅས་ཀྱིས་ རང་མོས་དང་ རྣམ་དག་གི་སྒོ་ལས་ ཚོགས་རྒྱན་བཙུགས་པ་ཅིན་ ཁྱད་པར་བཟོ་མ་ཚུགས་པའི་ དཔེ་མི་སྲིད།
འདི་འབདཝ་ལས་ ང་བཅས་ཀྱི་མི་ཚུ་ ཚོགས་རྒྱན་བཙུགས་པར་འགྱོཝ་ད་ ཚོགས་རྒྱན་བཙུགས་དགོ་པའི་ གནད་ཁུངས་ག་ཅི་ཨིན་ན་ ཧ་གོ་སྟེ་ རྣམ་དག་གི་སྒོ་ལས་ བཅའ་མར་གཏོགས་དགོཔ་དེ་གལ་ཆེ། རང་སོའི་ཐོབ་དབང་ ཚོགས་རྒྱན་འདི་ རང་གི་དགའ་མཐུན་དང་ ཕྱོགས་རིས་ཀྱི་སྒོ་ལས་མེན་པར་ འབྲུག་གི་རྩ་བ་གསུམ་ལུ་ ཐ་དམ་ཚིག་གཙོ་བོར་བཏོན་ཏེ་ ཕྱག་ཞུ་ཚུགས་མི་ ལྕོགས་གྲུབ་ཅན་གྱི་ སྲིད་ཚོགས་དང་ འདེམས་ངོ་ཚུ་ བཙག་འཐུ་འབད་དགོ།