ཚོགས་རྒྱན་ནང་ བཅའ་མར་གཏོགས་བཅུག་ནིའི་དོན་ལུ་ ཐབས་ཤེས་གསརཔ།

༉ དུས་ཅི་ རྩ་ཁྲིམས་ཅན་གྱི་སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ མི་མང་ཤོས་ཅིག་ བཅའ་མར་གཏོགས་བཅུག་ནིའི་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཐབས་ཤེས་གསརཔ་ ལེ་ཤ་ཅིག་ར་ བཏོན་དོ་ཡོདཔ་ཨིན་པས།
དེའི་གྲས་ལས་ གཅིག་ སློབ་ཕྲུག་ཚུ་དང་ སློབ་སྦྱོང་འབད་མི་ཚུ་གིས་ གསང་བའི་ཚོགས་རྒྱན་ནང་ ལེགས་ཤོམ་སྦེ་ བཅའ་མར་གཏོགས་ཚུགས་ནིའི་དོན་ལུ་ སློབ་གྲྭ་དང་ སྤེལ་ཁང་ཚུ་ནང་ ཚོགས་རྒྱན་བཙུགས་བཏུབ་པའི་ ལམ་ལུགས་བཟོ་ནི་ཨིན་པས།
ལམ་ལུགས་དེའི་ཐོག་ལས་ ཚོགས་རྒྱན་འགོ་འདྲེན་འཐབ་མི་ཚུ་གིས་ སློབ་གྲྭ་དང་ སྤེལ་ཁང་ཚུ་ནང་སོང་སྟེ་ ཚོགས་རྒྱན་བཙུགས་བཅུག་ནི་ཨིན་པས།
དེ་མ་ཚད་ སྨན་ཁང་ནང་ཡོད་པའི་ ནདཔ་ཚུ་དང་ ནད་གཡོགཔ་ དེ་ལས་ སྨན་བཅོས་འབད་མི་ གསོ་བའི་ལས་བྱེདཔ་ཚུ་ལུ་ཡང་ ཚོགས་རྒྱན་བཙུགས་ནིའི་ ཞབས་ཏོག་དེ་ སྨན་ཁང་ནང་བསྐྱལ་ནི་ཨིནམ་ད་ དེ་བཟུམ་གྱི་ཞབས་ཏོག་དེ་ བཙོན་པ་དང་ བཙོན་ཁང་ནང་ལཱ་འབད་མི་ དེ་ལས་ དབང་པོ་དང་ཡན་ལག་ལུ་ ཐོ་ཕོག་མི་ཚུ་ལུ་ཡང་ ཞབས་ཏོག་བྱིན་ནི་ཨིན་ཟེར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་མགྲིན་ཚབ་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
ལམ་ལུགས་གསརཔ་ཅིག་ ཞི་གཡོགཔ་ཚུ་གི་ རྨགཔ་དང་གནས་ཚང་ དེ་ལས་ ཁོང་རའི་བཟའ་ཚང་དང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གིས་ རང་སོའི་ཡིག་ཚང་དང་ སྡོད་སའི་ས་ཁོངས་ཀྱི་ ཉེ་འདེབས་ལས་ ཚོགས་རྒྱན་བཙུགས་ཚུགས་ནིའི་ ཐབས་ཤེས་བཏོན་ཡོདཔ་བཞིན་དུ་ ལམ་ལུགས་དེ་དང་འཁྲིལ་བ་ཅིན་ ཁོང་རང་གིས་དགའ་མི་ མི་ངོམ་དེ་ འབྲི་ཤོག་ཐོག་ལས་ གདམ་འཐུ་འབདཝ་ཅིག་ ས་ཁོངས་དེ་ནང་ཡོད་པའི་ བཙག་འཐུ་འགོ་འདྲེན་འཐབ་མི་ཚུ་ལུ་ སྤྲོད་ཞིནམ་ལས་ ཚོགས་རྒྱན་བཙུགས་བཏུབ་སྦེ་ བཟོ་ཡོདཔ་ཨིན་པས།
རང་སའི་ སྡོད་གནས་དང་ ཡིག་ཚང་གི་ ས་ཁོངས་ཉེ་འདབས་ལས་ ཚོགས་རྒྱན་བཙུགས་ནིའི་ཞབས་ཏོག་དེ་ ས་ཁོངས་༦༤ ལས་ འཐོབ་ཚུགས་ནི་ཨིནམ་ད་ དེའི་གྲས་ལས་ མཐོ་ཤོས་ར་ ཐིམ་ཕུག་ལུ་ ས་ཁོངས་༨ གཞི་བཙུགས་འབད་ནི་ཨིནམ་ད་ དེ་བཟུམ་གྱི་ཞབས་ཏོག་དེ་ མང་ཤོས་ཅིག་ མི་མང་འཛོམས་སར་ འོང་ནི་ཨིན་པས།
དེ་ལས་ ཞི་གཡོགཔ་དང་ དྲག་ཁག་གསུམ་གྱི་ དམག་སྡེ་ཚུ་ལུ་འབད་བ་ཅིན་ ཧེ་མའི་ལམ་ལུགས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞབས་ཏོག་དེ་ར་ བྱིན་ནི་ཨིནམ་ད་ ལམ་ལུགས་དེ་གི་ཐོག་ལས་འབད་བ་ཅིན་ མི་ངོམ་དེ་ གདམ་འཐུ་འབད་དེ་ རང་སོའི་འདེམས་ཁོངས་ནང་ འབྲུག་འགྲེམ་གྱི་ཐོག་ལས་ ཚོགས་རྒྱན་གཏང་ནི་ཨིན་པས།
དེ་བཟུམ་གྱི་ཞབས་ཏོག་དེ་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ཡང་ བྱིན་ནི་ཨིནམ་ད་ དེ་ཡང་ ཁོང་ཆ་ཁྱབ་ བཙག་འཐུའི་དོན་ལུ་ ས་གནས་ཁག་ཚུ་ནང་ འགྱོ་དགོ་ནི་དེ་གིས་ ས་གནས་ག་ཏེ་ལས་ཨིན་རུང་ ཚོགས་རྒྱན་དེ་ འབྲུག་འགྲེམ་ཐོག་ལས་ གཏང་བཏུབ་བཟོ་ནི་ཨིན་པས།
དེ་ལས་ ཕྱིའི་རྒྱལ་ཁབ་ཚུ་ནང་སྡོད་མི་ འབྲུག་མི་ཚུ་གི་དོན་ལུ་ཡང་ འགྲེམ་ཐོག་གི་ ཚོགས་རྒྱན་ཞབས་ཏོག་བྱིན་ནི་ཨིནམ་ད་ ཞབས་ཏོག་སྤྱོད་མི་ མང་ཤོས་ཅིག་ ཨཱསི་ཊེ་ལི་ཡ་དང་ རྒྱ་གར་ ཨེ་མི་རི་ཀ་ དེ་ལས་ རྒྱལ་ཁབ་གཞན་ཚུ་ནང་ཡང་ འོང་ནི་ཨིནམ་ད་ འགྲེམ་ཐོག་ཚོགས་རྒྱན་ཐོག་ལས་ འབྲི་ཤོག་༡ ལུ་ ཟད་འགྲོ་དངུལ་ཀྲམ་༤,༥༠༠ དེ་ཅིག་ གནས་ནི་ཨིན་མི་དེ་ཡང་ བཙག་འཐུ་ལྷན་ཚོགས་ཀྱིས་ གཏང་ནི་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *