ཚོགས་རྒྱན་ངོས་འཛིན་འདྲ་པར་ ལོག་བསྡུ་འབག་ཡོད་མི་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ཟླཝ་འདི་གི་ སྔ་ཆ་ལུ་ བསམ་གྲུབ་ལྗོངས་མཁར་ རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་གིས་ ཝང་ཕུག་རྒེད་འོག་གི་ ཕོ་སྐྱེས་༡༢ ལས་ ཚོགས་རྒྱན་ངོས་འཛིན་འདྲ་པར་ ལོག་བསྡུ་འབག་མི་ལུ་བརྟེན་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་སྐབས་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་མི་འཐོབ་ནི་ཨིནམ་ལས་ ཁོང་ཆ་ཁྱབ་ སེམས་དང་མ་ལྡན་པར་སྡོད་ནུག།

སྤྱི་ཟླ་༨ པའི་ཚེས་༨ ལུ་ བཙག་འཐུ་དང་འབྲེལ་བའི་ ཐོ་དེབ་བདེན་དཔྱད་འབད་བའི་སྐབས་ ཐོ་དེབ་ནང་ ཁོང་གི་མིང་ཚུ་ ཚུད་དེ་མེདཔ་ལས་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ལོག་བསྡུ་འབག་ཡོད་མི་དེ་ཡང་ ཐོ་དེབ་ནང་ མ་ཚུད་མི་ཚུ་ ཚོགས་རྒྱན་བཙུགས་ནིའི་ འོས་འབབ་མེད་མི་ལུ་བརྟེན་ཨིན་པས།

ཝང་ཕུག་ལས་ སྐྱེས་ལོ་༣༣ ལང་མི་ བསམ་གཏན་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ དེ་བསྒང་ ཁོ་གི་བཟའ་ཚང་ག་ར་ ཐོ་དེབ་ནང་ མ་ཚུད་པར་ཡོདཔ་ལས་ བཙག་འཐུ་འགོ་དཔོན་ཚུ་ལུ་སླབ་ད་ ཁོ་ལུ་ སྒོམ་ཆེན་ཨིན་ན་ཟེར་དྲིསཝ་ལས་མེན་ཟེར་ སླབ་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འགོ་དཔོན་ཚུ་གིས་ ཚོགས་པ་ཚུ་ལུ་ དྲི་དཔྱད་འབད་བའི་སྐབས་ ཁོང་གིས་ སྒོམ་ཆེན་ཨིན་ཟེར་ སླབ་ཡོད་མི་ལུ་བརྟེན་ བཟའ་ཚང་གཞན་ཚུ་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་འཐོབ་ནི་ཨིན་རུང་ ཁོ་ལུ་ མི་འཐོབ་ཟེར་ སླབ་དེས་ཟེར་ཨིནམ་ད་ འཕྲལ་འཕྲལ་ཆོས་ལྷག་ནི་ལ་སོགས་པ་ཚུ་ནང་ བཅའ་མར་གཏོགས་རུང་ ལཱ་འགན་མི་གནགཔ་ཟེར་ར་ ཚུད་དེ་ཡོདཔ་ལས་ སེམས་མ་དགའ་ཟེར་ བསམ་གཏན་ཆོས་གྲུབ་ཀྱིས་ བཤདཔ་ཨིན་པས།

ཡར་ཕུག་ལས་ སྐྱེས་ལོ་༤༣ ལང་མི་ སངས་རྒྱས་རྡོ་རྗེ་གིས་ སྤྱི་ལོ་༢༠༡༨ ཀྱི་ རྒྱས་ཡོངས་ཚོགས་སྡེའི་ བཙག་འཐུ་ཚུན་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་ཐོབ་ཡོད་རུང་ རྒྱལ་ཡོངས་ཚོགས་འདུའི་སྐབས་ གོ་སྐབས་མ་འཐོབ་མི་ལུ་ སེམས་མ་དགའ་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༨ ལུ་ གཡུས་ཁར་ཆོས་འབད་སྡོད་མི་ཚུ་ སྒོམ་སྡེ་ཚུ་གི་འོག་ལུ་ མཚན་འཛིན་བཀོད་དེ་མེད་པ་ཅིན་ ཚོགས་རྒྱན་གྱི་ གོ་སྐབས་འཐོབ་ཟེར་ སླབ་མི་ལུ་བརྟེན་ ཞུ་ཡིག་བཙུགས་པའི་ཤུལ་ལས་ ངོས་འཛིན་འདྲ་པར་ ཐོབ་ཡོདཔ་བཞིན་དུ་ ད་རེས་མི་འཐོབ་ཟེར་སླབ་ད་ མགུ་འཐོམ་བྱུང་ཡི་ཟེར་ཨིན་པས།

ངོས་འཛིན་འདྲ་པར་ འབག་ཡོད་མི་ སི་སེར་གཞན་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་ འགོ་དང་པ་ བཙུགས་མི་ལས་ དུས་ཅི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཚུན་ དཀའ་ངལ་ག་ནི་ཡང་མེད་པར་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་ཐོབ་ཡོད་རུང་ ད་རེས་ མི་འཐོབ་ཟེར་ སླབ་མི་ལུ་ ཧ་མ་གོ་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་སྒོམ་སྡེ་གང་རུང་ཅིག་གི་ མཚན་ཐོའམ་ ལག་ཁྱེར་འཆང་མི་ སྒོམ་ཆེན་མེན་པའི་ཁར་ གོ་ལ་དམརཔོ་གྱོན་མི་ཚུ་ ཚོགས་རྒྱན་གྱི་ གོ་སྐབས་མ་འཐོབ་པ་ཅིན་ ད་རེས་ནངས་པར་ ཞི་གཡོགཔ་ཚུ་གིས་ཡང་ གོ་ལ་དམརཔོ་གྱོན་ཐོག་ལས་ ཆོས་ཕྱོགས་ཀྱི་ ལས་རིམ་ཚུ་ནང་ བཅའ་མར་གཏོགས་དོ་ཡོདཔ་ལས་ ཁོང་ཡང་ ཚོགས་རྒྱན་བཙུགས་མ་ཆོགཔ་ ཨིན་ན་ཟེར་ དྲི་བཀོད་འབདཝ་ཨིན་པས།

རྫོང་ཁག་བཙག་འཐུ་འགོ་དཔོན་གྱིས་ སླབ་མིའི་ནང་ ཝང་ཕུག་རྒེད་འོག་ལས་ མི་༡༢ ཀྱི་ ངོས་འཛིན་འདྲ་པར་ཚུ་ འབག་འོང་མི་ལས་ གཞན་༡༡ གི་ལཱ་འགན་ སྒོམ་ཆེན་ཟེར་ ཚུད་ཡོད་རུང་༡ སྒོམ་ཆེན་ཟེར་ ཚུད་དེ་མེདཔ་ལས་ ངོས་འཛིན་འདྲ་པར་དེ་ ལོག་བྱིན་ཡི་ཟེར་ཨིན་པས།

ཧེ་མ་ སྒོམ་ཆེན་ལ་ལོ་ཅིག་གིས་ ཚོགས་རྒྱན་བཙུགས་ཡོད་མི་དེ་ བཙག་འཐུ་དང་འབྲེལ་བའི་ ཐོ་དེབ་བདེན་དཔྱད་འབད་བའི་སྐབས་ འོང་མ་བཏུབ་མི་ཚུ་ཨིནམ་ལས་ དུས་ཅི་ མི་རྩིས་ཀྱི་ གནས་སྡུད་ཚུ་དང་འཁྲིལ་ བདེན་དཔྱད་འབད་དོ་ཟེར་ཨིནམ་ད་ ཧེ་མ་མི་རྩིས་ཀྱི་ གནས་སྡུད་ཚུ་ནང་ ད་ལྟོ་བཟུམ་སྦེ་ ལཱ་འགན་ཚུ་གི་སྐོར་ ཁ་གསལ་སྦེ་མེད་ཟེར་ བཙག་འཐུ་འགོ་དཔོན་གྱིས་ བཤདཔ་ཨིན་པས།

འདས་པའི་དྲི་ལན་སྐབས་ བཙག་འཐུའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཆོས་སྒོར་ཞུགས་མིའི་ གྱོན་ཆས་ཚུ་ གྱོན་ཏེ་ཡོད་པ་ཅིན་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་མི་ཐོབ་ཟེར་ཨིནམ་ད་ གལ་སྲིད་ འདི་བཟུམ་མའི་ གང་ཟག་དེ་ ཆོས་སྒོར་ཞུགས་མི་མེན་རུང་ ཐོ་བཀོད་ནང་ ཆོས་སྒོར་ཞུགས་མི་ སྒོམ་ཆེན་དང་ ཨ་ནེམོ་སྦེ་ ཚུད་དེ་ཡོད་པ་ཅིན་ ཚོགས་རྒྱན་བཙུགས་ནིའི་ འོས་འབབ་མེད་ཟེར་་བཤད་ཡོད་པའི་གནས་ཚུལ།

ཝང་ཕུག་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *