ཚོགས་འདུའི་ཚོགས་ཆུང་གིས་ སྐྱེད་ཚད་མཐོ་དྲག་ཡོད་པའི་སྐོར་ལས་ གྲོས་འདེབས་ཕུལ་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ རྩིས་ལོ་༢༠༢༢-༢༣ གྱི་ འཆར་དངུལ་བསྐྱར་ཞིབ་སྙན་ཞུ་གུ་ འཕྲོ་མཐུད་གསུང་གྲོས་གནངམ་དང་འབྲེལ་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ སྤྱིར་བཏང་དཔལ་འབྱོར་གོང་འཕེལ་དང་ དམིགས་བསལ་དུ་ སྒེར་སྡེ་སྐྱིན་འགྲུལ་ཡར་སེང་འབད་ནི་ལུ་དམིགས་ཏེ་ གཞུང་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་གཅིག་ཁར་ ད་ལྟོའི་ སྐྱིན་འགྲུལ་གྱི་ སྐྱེད་ཚད་མཐོ་དྲགས་ཡོད་པའི་སྐོར་ གྲོས་བསྟུན་འབད་དགོ་པའི་ གྲོས་འདེབས་ཕུལ་ཡི།

ཚོགས་ཆུང་གིས་ དངུལ་འབྲེལ་ལས་སྡེ་ཁག་ཚུ་ནང་ སྐྱིན་འགྲུལ་གྱི་ གཏའ་མའི་གནས་རྩིས་ཚུ་ སོ་སོ་སྦེ་ཡོད་མི་དེ་ སྐབས་ཐོབ་ཀྱི་ གོང་ཚད་དང་ གཅིག་མཚུངས་ཀྱི་ ལེགས་བསྒྱུར་བཟོ་གནང་དགོ་པའི་ གྲོས་འདེབས་ཕུལ་ཡི།

ཚོགས་ཆུང་གི་ཁྲི་འཛིན་ སྒང་ཟུར་-སྨན་སྦིས་ཀྱི་འཐུས་མི་ ཀུན་དགའ་དཔལ་འབྱོར་གྱིས་ ཞུ་མིའི་ནང་ གནད་དོན་དེའི་ཐོག་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་རྒྱས་པར་ མ་འབད་རུང་ ཚོགས་ཆུ་ནང་ རྒྱས་པར་འབད་ཡི་ཟེར་ཨིན་པས།

སྐྱིན་འགྲུལ་གྱི་ སྐྱེད་ཚད་མཐོ་དྲགས་དང་ དངུལ་ཁང་ནང་ མ་དངུལ་ཚུ་ དཔལ་འབྱོར་གྱི་ ལས་སྣ་ཚུ་ལུ་ ལག་ལེན་འཐབ་མ་ཚུགས་མིའི་ཐད་ལུ་ ཚོགས་ཆུང་གིས་ སྤྱིར་བཏང་རྒྱལ་སྤྱིའི་དངུལ་འབྲེལ་ལས་ཁུངས་ཀྱི་ སྙན་ཞུ་བལྟ་བའི་ཁར་ དངུལ་ལས་དབང་འཛིན་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ དབང་འཛིན་གྱིས་ སྐྱེད་ཚད་དེམ་ཅིག་བཟོ་དགོ་པའི་ བཀའ་རྒྱ་གནང་སྲོལ་མེད་རུང་ སྐྱིན་འགྲུལ་གྱི་ སྐྱེད་ཚད་དམའ་ཤོས་དེ་ དེམ་ཅིག་ལས་ ཉུང་ནི་མི་འོང་ཟེར་ བཀོད་རྒྱ་ཡོདཔ་སྦེ་ ཁྲི་འཛིན་གྱིས་ཞུ་ཡི།

སྐྱིན་འགྲུལ་གྱི་ སྐྱེད་ཚད་དམའ་ཤོས་ལས་ ཡར་སེང་ག་དེམ་ཅིག་ འབད་ནི་ཨིན་ན་ དངུལ་འབྲེལ་ལས་ཁང་ཚུ་གིས་ འབད་དོ་ཡོད་རུང་ ག་དེམ་ཅིག་ ཡར་སེང་འབད་དེ་ཡོདཔ་ཨིན་ན་ དུས་ཚོད་མེད་མི་ལུ་བརྟེན་ དངུལ་འབྲེལ་ལས་སྡེ་ཚུ་དང་ འབྲེལ་བ་འཐབ་མ་ཚུགས་ཟེར་ཞུ་ཡི།

རྩིས་ལོ་༢༠༢༢-༢༣ གྱི་ འཆར་དངུལ་སྙན་ཞུ་ནང་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༣༡ ནང་འཁོད་ལུ་ དངུལ་ཁང་ཚུ་ནང་ ལག་ལེན་མ་འཐབ་པར་ཡོད་མི་ དངུལ་ཀྲམ་ཐེར་འབུམ་༣༩.༨༨༥ དེ་ཅིག་ ཡོདཔ་ཨིན་པས།

ཁྲི་འཛིན་གྱིས་ དངུལ་ཁང་ནང་ མ་དངུལ་ཐེབས་ལུས་མི་དེ་ སྤྱི་ལོ་༢༠༡༥-༢༠ བར་ན་འབད་བ་ཅིན་ མང་ཤོས་ར་ ཕྱི་དངུལ་གསོག་འཇོག་ལུ་བརྟེན་ ཐོན་ཡོད་རུང་ ད་ལྟོའི་ གནས་སྟངས་ནང་ ཕྱི་དངུལ་གསོག་འཇོག་མེན་པར་ ནང་འཁོད་དངུལ་ལས་ཨིན་མས་ཟེར་ཞུ་ཡི།

གནད་དོན་དེ་ལུ་བརྟེན་ ཚོགས་ཆུང་གིས་ སྐྱིན་འགྲུལ་གཏང་ནི་གི་ འོས་འབབ་མཐོང་ཡོདཔ་ད་ གནད་དོན་གཞན་དེ་ སྐྱིན་འགྲུལ་གཏངམ་ད་ གཏའ་མ་བཙུགས་པའི་སྐབས་ སའི་རིན་གོང་དང་འཁྲིལ་ཏེ་ སྐྱིན་འགྲུལ་བརྒྱ་ཆ་༥༠ ལས་ མི་ཐོབ་མས་ཟེར་ཨིན་པས།

གལ་སྲིད་ སྐྱིན་འགྲུལ་ལེན་མི་ལུ་ ཧེ་མ་ལས་ དངུལ་ཁང་ཚུ་དང་གཅིག་ཁར་ སྐྱིན་འགྲུལ་ཡོད་པ་ཅིན་ སྐྱིན་འགྲུལ་བརྒྱ་ཆ་༧༠ གནང་དོ་ཡོདཔ་ད་ སའི་གོང་ཚད་ཀྱིས་ དངུལ་ཀྲམ་འབུམ་༥༠ ཐོབ་ཡོད་རུང་ དངུལ་ཁང་ནང་ འབྲེལ་བ་མེད་པ་ཅིན་ སྐྱིན་འགྲུལ་བརྒྱ་ཆ་༥༠ ལས་བརྒལ་ མ་ཐོབ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ ཁྲི་འཛིན་ཀུན་དགའ་དཔལ་འབྱོར་གྱིས་ ཞུ་ཡི།

ད་རེས་ སའི་གོང་ཚད་དང་བསྟུན་མེན་པར་ དངུལ་ཁང་ཚུ་ནང་ གཏའ་མའི་རིན་ཐང་དེ་ མ་འདྲཝ་སྦེ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ ཞུ་ཡི།

ཨ་ཐང་-ཐེ་ཚོ་གི་འཐུས་མི་ ཀུན་ལེགས་དབང་ཕྱུག་གིས་ ཞུ་མིའི་ནང་ མི་ཚུ་དང་ དངུལ་འབྲེལ་གྱི་ མཁས་མཆོག་ཚུ་དང་ གྲོས་བསྟུན་འབད་བའི་སྐབས་ རྒྱལ་ཁབ་ཀྱི་ དངུལ་ཁང་ཚུ་ལུ་   རྒུད་ཕོག་ནི་གི་ གནས་སྟངས་མེད་པའི་སྐོར་ལས་ སླབ་ནི་འདུག་ཟེར་ཞུ་ཡི།

ད་རེས་ དངུལ་ཁང་གི་ སྐྱེད་ཚད་མཐོ་དྲགས་ཡོད་མི་ལུ་བརྟེན་ དཀའ་ངལ་བྱུང་སྟེ་ཡོདཔ་ད་ གཞུང་གི་ དངུལ་ཁང་ཚུ་གིས་ ཚད་འཛིན་འབད་ནི་གི་ འགན་ཁུར་འབག་དགོཔ་དེ་ གལ་ཆེ་བའི་ཁར་ དངུལ་ཁང་ཚུ་གིས་ ཁེ་སང་ཐེར་འབུམ་སྦེ་ བཟོ་མི་དེ་གིས་ མི་སྡེ་དཔལ་འབྱོར་གོང་འཕེལ་བཏང་སྟེ་ ཕན་ཐོགས་བྱུང་མི་དང་ སྐྱེད་མཐོ་དྲགས་སྦེ་ཡོད་མི་༢ དབྱེ་བ་ལེགས་ཤོམ་སྦེ་ ཕྱེ་དགོཔ་འདུག་ཟེར་ཞུ་ཡི།

དེ་འབདཝ་ལས་ གཞུང་གི་དངུལ་ཁང་ཚུ་གིས་ སྐྱེད་ཚད་དེ་ མར་ཕབ་འབད་བ་ཅིན་ རང་བཞིན་གྱིས་ར་ སྒེར་གྱི་དངུལ་ཁང་ཚུ་གིས་ སྐྱེད་ཚད་མར་ཕབ་འབད་དགོཔ་ འབྱུང་ནི་ཨིནམ་ད་ གལ་སྲིད་ གཞུང་གི་ དངུལ་ཁང་ཚུ་གིས་ སྐྱེད་ཚད་མར་ཕབ་ འབད་མ་ཚུགས་པ་ཅིན་ སྒེར་གྱི་དངུལ་ཁང་ཚུ་གིས་ སྐྱེད་ཚད་ཕབ་ནི་ལུ་ ལཱ་ཁག་གཏང་འོང་ཟེར་ འཐུས་མི་ཀུན་ལེགས་དབང་ཕྱུག་གིས་ཞུ་ཡི།

ཨིན་རུང་ འཐུས་མི་གིས་འབད་བ་ཅིན་ སྐྱིན་འགྲུལ་ལེན་ཏེ་ ཚོང་རྐྱབ་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ དངུལ་ཁང་ག་ར་ མགུ་མཐུད་ཞིནམ་ལས་ སྐྱེད་ཚད་ཕབ་དོ་བཟུམ་སྦེ་ དངུལ་ཀྲམ་༡,༠༠༠ དང་ དངུལ་ཀྲམ་༢,༠༠༠ དེ་ཅིག་ ཁྱད་པར་བཟོཝ་མ་གཏོགས་ དངུལ་ཁང་གིས་ སྐྱེད་ཚད་གནས་སྟངས་ མར་ཕབ་འབད་མི་བཏུབ་པས་ཟེར་ དོགས་པ་སྦོམ་ཆགས་མི་ཡང་འདུག་ཟེར་ཨིན་པས།

རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ གཞུང་༢ ཀྱིས་ ལེགས་ཤོམ་སྦེ་ གསུང་གྲོས་གནང་པ་ཅིན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ནི་མས་ཟེར་ ཚོགས་ཆུང་གི་འཐུས་མི་གིས་ཞུ་ཡི།

ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ ཞུ་མིའི་ནང་ སྐྱིན་འགྲུལ་གྱི་ སྐྱེད་ཚད་ལུ་ སྟབས་མ་བདེཝ་ལེ་ཤ་ཡོད་མི་དེ་ཡང་ སྐྱིན་འགྲུལ་མ་ཐོབ་མི་དང་ དངུལ་ཁང་ཚུ་ནང་ སྐྱིན་འགྲུལ་གཏང་མ་ཚུགས་མི་ དེ་ལས་ སྐྱིན་ཚབ་བཏབ་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཧེ་མ་དང་ཕྱདཔ་ད་ ད་རེས་ སྐྱིན་འགྲུལ་གྱི་ སྐྱེད་ཚད་མར་ཕབ་འབད་ཡོདཔ་བཞིན་དུ་ ད་རེས་འབད་རུང་ དབང་འཛིན་གྱིས་ སྐྱེད་ཚད་དེ་ མར་ཕབ་འབད་ནི་གི་ འོས་འབབ་སྦོམ་ཡོདཔ་ལས་ ཕྱི་རྒྱལ་ཁབ་ཚུ་ནང་ སྐྱེད་ཚད་བརྒྱ་ཆ་༣ དང་ བརྒྱ་ཆ་༡ འོག་རྒྱུག་འབད་མི་ཡང་འདུག་ཟེར་ཞུ་ཡི།

གནད་དོན་ཚུ་ ལེགས་ཤོམ་སྦེ་ བལྟ་ཞིནམ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དངུལ་རྩིས་ལྷན་ཁག་༢ གཅིག་ཁར་ སྡོད་ཐོག་ལས་ སྐྱེད་ཚད་མར་ཕབ་འབད་ནི་ལུ་ ཐབས་ཤེས་ཚུ་ བཏོན་དགོཔ་འདུག་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཞུ་ཡི།

དངུལ་རྩིས་བློན་པོ་གིས་ གྲོས་འདེབས་དེ་ལུ་ རྒྱབ་སྐྱོར་ཐོག་ལས་ ཞུ་མིའི་ནང་ སྐྱེད་ཚད་བཟོ་བའི་ ལམ་ལུགས་དང་ སྒྲིག་གཞི་ཚུ་ ཤེས་དགོཔ་དེ་ གལ་ཅན་ཨིནམ་ད་ སྐྱིན་འགྲུལ་མ་ཐོབ་མི་དེ་ སྐྱེད་དང་སྐྱིན་འགྲུལ་འཐོབ་ནི་ལུ་ གདོང་ལེན་ལུ་བརྟེན་ཨིན་ན་ ཁ་གསལ་སྦེ་ བལྟ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།

སྐྱིན་འགྲུལ་འདྲ་མཉམ་སྦེ་ མ་ཐོབ་མི་ལུ་ སྐྱེད་ཀྱི་ཚད་གཞི་ལུ་ འབྲེལ་བ་མེདཔ་ད་ སྐྱིན་འགྲུལ་ལེགས་བཅོས་འབད་དགོ་པ་ཅིན་ གཏའ་མ་ཚུ་དགོ་པས་ཟེར་ཨིནམ་ད་ ད་རེས་ དངུལ་ཁང་གི་ ཁ་ཐུག་ལས་ གཏའ་མ་དེ་ མང་ཤོས་ཅིག་ ཁྲོམ་ཚོགས་ནང་ཡོད་མི་ས་དང་ རྒྱུ་དངོས་ལ་སོགས་པ་ཚུ་ལུ་ ངོས་ལེན་འབདཝ་མས་ཟེར་ དངུལ་རྩིས་བློན་པོ་གིས་ ཞུ་ཡི།

ཁོ་གིས་ འབྲུག་གོང་འཕེལ་དངུལ་ཁང་གིས་ སྐྱིན་འགྲུལ་བྱིན་མི་དེ་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་ཡོདཔ་ད་ དངུལ་ཁང་དེ་གིས་ གྲོང་གསེབ་རྐྱངམ་གཅིག་ གཙོ་རིམ་བཟུང་པ་ཅིན་ ན་གཞོན་གནས་སྐབས་ཡོད་མི་ཚུ་གི་དོན་ལུ་ དངུལ་ཁང་གི་ ལྷན་ཐབས་སྦེ་ སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ གཞི་བཙུགས་འབད་ཡི་ཟེར་ཞུ་ཡི།

དངུལ་རྩིས་བློན་པོ་གིས་ ད་རེས་ སྐྱིན་འགྲུལ་ཚུ་ འདྲ་མཉམ་སྦེ་ མ་ཐོབ་མི་དེ་ གཏའ་མ་ལུ་བརྟེན་ དཀའ་ངལ་བྱུང་ཡོད་པའི་ཁར་ གཏའ་མ་ཡོད་རུང་ དངུལ་ཁང་བརྒྱུད་དེ་ གོང་ཚད་རྐྱབ་ཐངས་ཡོདཔ་ལས་ འདྲ་མཉམ་འགྱོ་ནིའི་དོན་ལུ་ བདེ་སྒྲིག་འབད་དེ་ ལེགས་ཤོམ་བཟོ་དོ་ཟེར་ཞུ་ཡི།

རྩིས་ལོ་༢༠༢༢-༢༣ གྱི་ སྙན་ཞུ་ནང་ཡང་ གནད་དོན་སེལ་ཐབས་ལུ་ དངུལ་འབྲེལ་གྱི་ ཐབས་ལམ་ཚུ་ བཀོད་དེ་ཡོདཔ་ད་ སྐྱིན་འགྲུལ་གྱི་ སྐྱེད་ཚད་བཟོ་ཐངས་ལམ་ལུགས་ ཧ་གོ་དགོཔ་དེ་ གལ་གནད་ཅན་ཅིག་ཨིནམ་ད་ ད་རེས་ གཞུང་དང་ སྒེར་གྱི་དངུལ་ཁང་ཚུ་གི་བར་ན་ སྐྱེད་ཚད་ལུ་ ཁྱད་པར་དེ་ཅིག་མེད་ཟེར་ དངུལ་རྩིས་བློན་པོ་གིས་ཞུ་ཡི།

ཁོ་གིས་ ད་རེས་ དཔལ་འབྱོར་གྱི་ གནས་སྟངས་ལུ་ བལྟ་བ་ཅིན་ སྐྱིན་འགྲུལ་འཐོབ་ནིའི་དོན་ལུ་ སྐྱེད་ཚད་མར་ཕབ་ལུ་ གཙོ་རིམ་བཟུང་ནི་མེན་པར་ གཞུང་གི་ཁ་ཐུག་ལས་ སྲིད་བྱུས་ལེགས་བཅོས་ཐོག་ལས་ ཚོང་ལམ་སྒྲིང་སྒྲི་བཟོ་དགོཔ་དེ་ གལ་ཆེ་ཟེར་ཞུ་ཡི།

ཁོ་གིས་འབད་བ་ཅིན་ ད་ལྟོ་ སྐྱིན་འགྲུལ་ཀྱི་ དཀའ་ངལ་མེད་ཟེར་ཨིནམ་ད་ སྤྱི་ལོ་༢༠༢༠ ལུ་ ནད་ཡམས་ལུ་བརྟེན་ སྟབས་མ་བདེཝ་ཐོན་རུང་ དངུལ་ཁང་ཚུ་གིས་ བཟའ་འཐུང་གི་ ཅ་ཆས་ཚུ་ ནང་འདྲེན་འབད་ནིའི་དོན་ལུ་ དངུལ་ཀྲམ་ཐེར་༥ དེ་ཅིག་ བྱིན་ནུག་ཟེར་ཨིན་པས།

ཚོང་ལམ་ལེགས་ཤོམ་ཡོད་རུང་ སྐྱེད་ཚད་ཀྱི་ ཁྱད་པར་དེ་ཅིག་ བཟོ་དོ་མ་མཐོང་པའི་ཁར་ སྒེར་སྡེ་ཚུ་ལུ་ སྐྱིན་འགྲུལ་བྱིན་མི་ ཕྲ་རབ་དངུལ་འབྲེལ་ལས་ཁང་ཚུ་གིས་ སྐྱེད་ཚད་བརྒྱ་ཆ་༡༩-༢༠ ཡོད་རུང་ སྐྱིན་ཚབ་བཏབ་མ་ཚུགས་པའི་ དཀའ་ངལ་མེད་པའི་ཁར་ ཉེན་ཁ་ཡང་ མིན་འདུག་ཟེར་ དངུལ་རྩིས་བློན་པོ་གིས་ ཞུ་ཡི།

གནད་དོན་དེ་ལུ་ གྲོས་བསྡུར་རྒྱས་པར་འབད་ཐོག་ལས་ ཆ་འཇོག་འབད་ཡི།

རྒྱལ་ཡོངས་ཀྱི་ འཆར་དངུལ་སྙན་ཞུ་གུ་ གསུང་གྲོས་གནངམ་ད་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གིས་ སྤྱིར་བཏང་ཟུར་གསོག་ལག་ལེན་གྱི་ ལམ་སྟོན་ཅིག་ དགོ་པའི་སྐོར་ལས་ ཚ་གྱང་ཡོད་ལུགས་ཚུ་ ཞུ་ཡི།

ཨིན་རུང་ དངུལ་རྩིས་བློན་པོ་གིས་ ཧེ་མ་ལས་ ལམ་སྟོན་གྱི་ ལཱ་འབད་ཡོདཔ་བཞིན་དུ་ གྲ་སྒྲིག་སོང་སྟེ་ ཡོད་པའི་སྐོར་ལས་ ཞུ་ཡོད་མི་དང་བསྟུན་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ དངུལ་རྩིས་ལྷན་ཁག་ལུ་ ཚོགས་བཞུགས་དེ་ མཇུག་མ་བསྡུ་བའི་ ནང་འཁོད་ལུ་ ལམ་སྟོན་དེ་ འཐུས་མི་ཚུ་ལུ་ བཀྲམ་སྤེལ་འབད་དགོཔ་སྦེ་ བཀའ་རྒྱ་གནང་ཡི།

དེ་བཟུམ་སྦེ་ འཐུས་མི་ཚུ་གིས་ བཟའ་འཐུང་ཉེན་སྲུང་དང་ རང་ལྡང་བཟོ་ནིའི་དོན་ལས་ སོ་ནམ་ལྷན་ཁག་ལུ་ འཆར་དངུལ་ལངམ་སྦེ་ བགོ་བཀྲམ་འབད་དགོ་པའི་སྐོར་ལས་ ཞུ་བ་འབད་ཡོདཔ་བཞིན་དུ་ གཞུང་གིས་ སྤྱིར་བཏང་འཆར་དངུལ་ནང་འཁོད་ལུ་ བདེ་སྒྲིག་འབད་ནི་དང་ ཟུར་གསོག་མ་དངུལ་ལས་ཡང་ འོས་འབབ་བལྟ་དགོཔ་སྦེ་ གྲོས་འདེབས་ཆ་འཇོག་གྲུབ་ཅི།

རྩིས་ལོ་༢༠༢༢-༢༣ གྱི་ བསྐྱར་ཞིབ་སྙན་ཞུ་གུ་ གསུང་གྲོས་རྒྱས་པར་ གནང་ཐོག་ལས་ རྩིས་ལོ་དེ་ནང་ རྩིས་ལོ་༢༠༢༢-༢༣ ནང་ རྒྱུན་སྐྱོང་གི་ཟད་འགྲོ་ དངུལ་ཀྲམ་ཐེར་འབུམ་༣༦.༣༤༠ དང་ གསར་སྒྲུབ་ཀྱི་ཟད་འགྲོ་ དངུལ་ཀྲམ་ཐེར་འབུམ་༤༥.༤༨༦.༣༦༩ བརྩིས་ཏེ་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༨༡.༨༢༧ བགོ་བཀྲམ་འབད་མི་དེ་ ཆ་འཇོག་གྲུབ་ཡོད་པའི་གནས་ཚུལ

ཨོ་རྒྱན་རྡོ་རྗེ།།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *