ཚོགས་པ་ཚུ་གིས་ ཁྱད་འཕགས་ཅན་གྱི་ གསོ་བའི་ཞབས་ཏོག་བྱིན་ནིའི་ ཁས་བླངས་འབད་ཡོདཔ།

༉ འབྲུག་རྒྱལ་ཁབ་ནང་ ད་ཚུན་གྱི་རིང་ མི་སེར་ཚུ་ལུ་ གསོ་བ་དང་འབྲེལ་བའི་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ཐོབ་ཡོད་རུང་ ད་ལས་ཕར་ དེ་བ་ལྷག་པའི་ཞབས་ཏོག་ཚུ་ སྤྱོད་ནིའི་གོ་སྐབས་འཐོབ་ནི་ཨིན་པས།
སྲིད་ཚོགས་༤ གིས་ ཁས་བླངས་ལེ་ཤ་འབད་མིའི་གྲས་ལས་ གསོ་བའི་ཞབས་ཏོག་དེ་ གཙོ་རིམ་ཅན་ཅིག་ཨིནམ་ད་ ཚོགས་པའི་གཙོ་འཛིན་དང་ འདེམས་ངོ་ཚུ་གིས་ སྐུལ་བསྒྲགས་སྐབས་ལུ་ གསོ་བའི་ཞབས་ཏོག་ཚུ་ ཡར་དྲག་གཏང་ནིའི་སྐོར་ལས་ སླབ་མི་དེ་ལུ་བལྟ་བ་ཅིན་ འབྲུག་པའི་མི་སེར་ཚུ་གིས་ གསོ་བའི་ཞབས་ཏོག་མ་འདྲཝ་ཚུ་ སྤྱོད་ནིའི་གོ་སྐབས་འཐོབ་ནི་ཨིན་པས།
ཚོགས་པའི་འདེམས་ངོ་དང་ ཚོགས་པའི་གཙོ་འཛིན་ཚུ་གིས་ རང་སོའི་འདེམས་ཁོངས་ཚུ་ནང་ ཚོགས་པའི་ལྟ་བ་དང་ དམིགས་ཡུལ་ དེ་ལས་ ཁས་བླངས་གསལ་བསྒྲགས་ཚུ་འབད་ཡི།
འདེམས་ངོ་དང་ གཙོ་འཛིན་ག་ར་གིས་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ ལོ་༥ འི་ནང་འཁོད་ལུ་ རྒྱལ་ཁབ་དང་ མི་སེར་ལུ་ཕན་པའི་ འཆར་གཞི་དང་ལས་སྣ་ དེ་ལས་ཚོགས་པའི་ཁས་བླངས་ཚུ་ གསལ་བཤད་འབད་ཡི།
འབྲུག་ཀུན་མཉམ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ གསོ་བའི་ཞབས་ཏོག་དེ་ མི་སེར་ག་ར་ལུ་ ཁྱབ་ཚུགསཔ་སྦེ་ར་ བྱིན་ནི་ཨིནམ་མ་ཚད་ གསོ་བའི་སྲིད་བྱུས་དང་ལས་རིམ་ཚུ་ ཡུན་བརྟན་བཟོ་ནི་ཨིན་ཟེར་ ཨིན་པས།
ཚོགས་པའི་ཁས་བླངས་ནང་ རྫོང་ཁག་སྨན་ཁང་ག་ར་ནང་ དྲུང་འཚོ་༢ དང་༣ རེ་གཏང་ནི་དང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ཚུ་ནང་ འཕྲུལ་ཆས་ཐེབས་གཞི་བཙུགས་འབད་ནི་ དེ་ལས་ སྨན་བཅོས་ཞབས་ཏོག་ལེན་ནི་ལུ་ དུས་ཡུན་རིངམོ་སྦེ་ བསྒུག་སྡོད་མ་དགོཔ་བཟོ་ཨིན་པས།
དེ་བཟུམ་སྦེ་ གཞི་རྟེན་སྨན་ཁང་ཚུ་ནང་ ལྟོ་ཐོབ་སྦེ་བཟོ་ནི་ཨིནམ་མ་ཚད་ དྲུང་འཚོ་དང་སྨན་གཡོགམོ་ཚུ་གི་དོན་ལུ་ སློབ་གཉེར་གྲོགས་རམ་གྱི་མ་དངུལ་ ཡར་སེང་འབད་ནི་དང་ སྨན་ཁང་ནང་ ཨ་ལོ་ཐེངས་༢ པ་ སྐྱེས་མི་ཚུ་ལུ་ ཁྱོསམ་བཟུམ་ཅིག་སྦེ་ དངུལ་ཀྲམ་༥,༠༠༠ རེ་བྱིན་ནི་དང་ ནདཔ་སྐྱེལ་འདྲེན་འབད་ནིའི་ སྣུམ་འཁོར་གྱི་ཞབས་ཏོག་ མགྱོགས་དྲགས་སྦེ་ ཕུལ་ནི་ཟེར་ཨིན་པས།
དེ་ལས་ རྒེད་འོག་ལྟེ་བ་ཆ་མཉམ་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་ ཆགས་སའི་ཐང་རེ་ བཟོ་སྐྲུན་འབད་ནི་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ གསོ་བའི་ཞབས་ཏོག་ཚུ་ དེང་སང་གྱི་ སྤུས་ཚད་དང་ལྡནམ་སྦེ་བྱིན་ནི་ཨིནམ་མ་ཚད་ གསོ་བའི་བློ་གཏད་མ་དངུལ་ཡང་ ལོག་ལྟབ་སྦེ་ ཡར་སེང་འབད་ནི་ཨིན་པས།
དེ་ལས་ གཙོ་བསྟེན་སྨན་ཁང་ལྟེ་བ་༢ ཐེབས་རྐྱབ་ནི་དང་ ལུང་ཕྱོགས་དང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ཚུ་ནང་ ཕན་བདེ་ཡིག་ཚང་རེ་ གཞི་བཙུགས་འབད་ནི་ཨིནམ་མ་ཚད་ ཞབས་ཏོག་ལེགས་ཤོམ་བྱིན་ནི་ལུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལུ་ རང་སྐྱོང་གི་ དབང་ཚད་བྱིན་ནི་ཨིན་པས།
དེ་ལས་ རྫོང་ཁག་སྨན་ཁང་ཚུ་ནང་ ད་ལྟོ་ཡོད་པའི་དྲུང་འཚོ་གུ་ ཁ་སྐོང་དྲུང་འཚོ་མཁས་མཆོག་༡ དང་ མོ་ནད་མཁས་མཆོག་༡ དེ་ལས་ གསོ་བའི་ལས་བྱེདཔ་ལངམ་སྦེ་གཏང་ནི་ཨིན་པས།
དེ་ལས་ གཞི་རྟེན་སྨེན་ཁང་ཆ་མཉམ་ལུ་ དྲུང་འཚོ་རེ་དང་ གསོ་བའི་ལས་བྱེདཔ་༢ རེ་གཏང་ནི་དང་ ནདཔ་སྐྱེལ་འདྲེན་འབད་ནིའི་ སྣུམ་འཁོར་རེ་ བྱིན་ནི་ཨིན་པས།
མཐའ་ཟུར་གྱི་གཡུས་ཚན་དང་ མི་རྒན་རྒས་ཚུ་གི་དོན་ལུ་ རྫོང་ཁག་སྨན་ཁང་ནང་ གསོ་བའི་འགྲུལ་སྤྱོད་ཞབས་ཏོག་ གཞི་བཙུགས་འབད་ནི་ཨིན་པས།
དེ་བཟུམ་སྦེ་ དྲུང་འཚོ་ཚུ་གི་དོན་ལུ་ འབྲུག་ལུ་ར་ སྦྱོར་བརྡར་འགོ་འདྲེན་འཐབ་ནི་ཨིནམ་མ་ཚད་ དྲུང་འཚོ་ཚུ་གི་ སློབ་གཉེར་གྲོགས་རམ་ ཡར་སེང་འབད་ནི་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ མཁས་མཆོག་སྨན་ཁང་ཅིག་སྦེ་ བཟོ་ནི་ཨིནམ་མ་ཚད་ གཙོ་བསྟེན་སྨན་ཁང་གསརཔ་ གཞི་བཙུགས་འབད་ནི་ དེ་ལས་ རྒེད་འོག་ལྟེ་བ་ཆ་མཉམ་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་ ཆགས་ས་རེ་ རྐྱབ་བྱིན་ནི་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ གསོ་བའི་ཁས་བླངས་ནང་ གསོ་བའི་ཞབས་ཏོག་ཚུ་ ཡུན་བརྟན་སྦེ་བཞག་ནི་ཨིནམ་མ་ཚད་ རང་ལུགས་དང་ དེང་སང་གི་ གསོ་བའི་ཞབས་ཏོག་བྱིན་ཐབས་ལུ་ རྒྱལ་ཡོངས་ཀྱིས་ གསོ་བའི་སྲིད་བྱུས་ཅིག་ ལོགས་སུ་སྦེ་བརྩམ་ནི་དང་ གསོ་བའི་བཅའ་ཁྲིམས་ཡང་ བསྒྱུར་བཅོས་འབད་ནི་ཨིན་པས།
དེ་ལས་ སྨན་གཡོགམོ་སློབ་ཁང་དེ་ མཐོ་རིམ་སློབ་གྲྭ་ལུ་ ཡར་སེང་འབད་ནི་དང་ སྨན་ཁང་ནང་ལས་ཕར་ དེང་སང་གི་ གསོ་བའི་འཕྲུལ་ཆས་གསརཔ་ཚུ་ གཞི་བཙུགས་འབད་ནི་ཟེར་ཨིན་པས།
རྒྱ་ཁབ་ནང་ རྒྱལ་ཡོངས་སོ་བཅོས་སྨན་ཁང་ གཞི་བཙུགས་འབད་ནི་དང་ ཀེན་སར་སྨན་ཁང་རྐྱབ་ནི་ དེ་ལས་ དྲུང་འཚོ་དང་ གསོ་བའི་ལས་བྱེད་པའི་ ཁྱད་རིག་གི་འཐུས་ཚུ་ ཡར་སེང་འབད་ནི་ཟེར་ཨིན་པས།
དེ་མ་ཚད་ ལཱ་འབད་སའི་གནས་སྟངས་ལེགས་ཤོམ་བཟོ་ནི་དང་ ནདཔ་ཚུ་ ཕྱི་རྒྱལ་ལུ་སྨན་བཅོས་འབད་བར་ གཏང་ནིའི་དོན་ལུ་ ཕྱི་ཁའི་སྨན་ཁང་ཡོངས་གྲགས་ཅན་ཚུ་དང་ མཐུན་ལམ་བཟོ་ནི་ཨིན་པས།
དགོངས་ཞུ་འབད་མི་ དྲུང་འཚོ་མཁས་མཆོག་ཚུ་ལུ་ གོ་སྐབས་འཚོལ་བྱིན་ནི་དང་ སྨན་བཟོ་ཁང་བཟོ་སྐྲུན་འབད་ནི་ དེ་ལས་ སྨན་མཁོ་སྒྲུབ་འབད་ནིའི་ལམ་ལུགས་ ལེགས་བཅོས་འབད་ནི་ཨིན་པས།
རྫོང་ཁག་སྨན་ཁང་ནང་ མོ་ནད་མཁས་མཆོག་བརྩིས་ཏེ་ མཁས་མཆོག་༣ གཏང་ནི་ཨིནམ་ད་ གྲོང་གསེབ་ཚུ་ནང་ ལོ་ཕྱེད་ལུ་ གཞི་རྟེན་འཕྲོད་བསྟེན་བརྟག་ཞིབ་འབད་ནི་ དེ་ལས་ མི་རྒན་རྒས་བདག་འཛིན་འཐབ་ནིའི་ ལས་རིམ་དང་ ལྟེ་བ་གང་རུང་ཅིག་ རྐྱབ་ནི་དང་འབྲེལ་ གསོ་བའི་བརྡ་དོན་ཤེས་ཡོན་དང་ བརྒྱུད་འབྲེལ་ཞབས་ཏོག་ཚུ་ གཞི་བཙུགས་འབད་ནི་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ གསོ་བའི་ཁས་བླངས་འབད་མིའི་ནང་ རྒྱལ་ཁབ་ནང་ མཐུན་རྐྱེན་ག་ར་ཡོད་པའི་ མཁས་མཆོག་སྨན་ཁང་ གཞི་བཙུགས་འབད་ནི་དང་ མི་སེར་ག་ར་གིས་ དྲུང་འཚོ་མཁས་མཆོག་ལས་ ཞབས་ཏོག་འཐོབ་ཚུགསཔ་བཟོ་ནི་ དེ་ལས་ གསོ་བའི་ཞབས་ཏོག་ཚུ་ ཉིནམ་ཕྱེད་ནང་ འཐོབ་ཚུགསཔ་བཟོ་ནི་ཨིན་པས།
གསོ་བའི་ལས་བྱེདཔ་ཚུ་ལུ་ ཐོབ་ཐངས་དང་ འཐུས་ཡར་སེང་འབད་ནི་ཨིནམ་མ་ཚད་ གྲུབ་འབྲས་ངོས་འཛིན་འབད་ནིའི་ ལམ་ལུགས་དང་ ནང་པའི་སྨན་རིགས་ཚུ་ ལུང་ཕྱོགས་དང་ རྒྱལ་སྤྱི་ནང་ ཁྱད་འཕགས་ཅན་སྦེ་ བཟོ་ནི་ཨིན་པས།
དེ་ལས་ གསོ་བའི་ཞབས་ཏོག་ཚུ་ སྟབས་བདེ་ཏོག་ཏོ་སྦེ་ བྱིན་ནིའི་དོན་ལུ་ གཞི་རྟེན་སྨན་ཁང་ཚུ་ནང་ ཅ་ཆས་ཚུ་ཡར་དྲག་གཏང་ནི་དང་ གསོ་བའི་ལས་བྱེདཔ་ཚུ་ལུ་ དགོས་མཁོའི་རིག་རྩལ་ ཡར་སེང་འབད་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *