༉ མོང་སྒར་རྒེད་འོག་ ཕོ་སོ་རོང་སྤྱི་འོག་གི་ གཡུས་ཚན་༦ ལས་ གུང་པ་༨ ཀྱིས་ སྤྱི་འོག་ཚོགས་པ་བགྲེསཔ་ དང་ ནགས་ཚལ་འགོ་དཔོན་ཅིག་ལུ་ ཁོང་གི་ས་ཞིང་ཚུ་ནང་ ཧམ་འཛུལ་ཐོག་ ལྕགས་ཀྱི་ར་བ་ བསྒོར་ཡོད་པའི་ ཁ་ཉེས་བཀལཝ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༦ ཟླ་༦ པའི་ནང་ རི་ད་ཟ་དང་ འཇམ་ཆོས་གླིང་ དེ་ལས་ བར་སྤང་གཡུས་ཚན་༣ གྱི་ མི་སེར་ཚུ་གི་ ཆུ་རྐ་ཉེན་སྐྱོབ་འབད་ཐབས་ལུ་ སའི་ཇོ་བདག་ཚུ་དང་ གྲོས་བསྟུན་མེད་པར་ ཐག་རང་བཅད་ཐོག་ ཁོང་གི་ ས་མཚམས་དང་ ས་ཞིང་ཚུ་ནང་ ར་བ་རྐྱབ་ཡོད་མི་ལུ་བརྟེན་ཨིན་པས།
ཕོ་སོ་རོང་ལས་ སྐྱེས་ལོ་༣༩ ལང་མི་ བསོད་ནམས་བཟང་མོ་གིས་ སླབ་མིའི་ནང་ རི་ད་ཟ་དང་ འཇམ་ཆོས་གླིང་གཡུས་ཚན་༢ ཀྱི་ འཐུང་ཆུའི་རྐ་དེ་ མོ་གི་ ཞིང་འོག་ལུ་ཡོད་རུང་ ཚོགས་པ་བགྲེསཔ་ བཀྲིས་རྡོ་རྗེ་ ཡང་ཅིན་ ནགས་ཚལ་འགོ་དཔོན་གྱིས་ ཆུ་རྐ་ཉེན་སྲུང་གི་དོན་ལུ་ ར་བ་བསྒོར་ནི་ཨིན་པའི་སྐོར་ ཁོང་ལུ་ ག་ནི་ཡང་ མ་སླབ་ལས་ ཧ་ལས་དགོཔ་ བྱུང་ཡི་ཟེར་ཨིནམ་ད་ མོ་གི་ལག་ཁྲམ་ནང་ཡོད་མི་ སྐམ་ཞིང་ ཕྱེད་ཀ་དེ་ཅིག་ ལྕགས་ཀྱི་ ར་བ་ནང་ ཚུད་ཡོདཔ་ཨིན་པས།
ར་བ་ལུ་བརྟེན་ ཐོ་སྦོམ་ར་ བར་སྤང་གཡུས་ཚན་ནང་ སའི་ཇོ་བདག་ འཇིགས་མེད་ཆོས་སྒྲོན་ལུ་ ཕོག་ཡོད་མི་དེ་ཡང་ བཟའ་སྤྱོད་འབད་བཞིན་ཡོད་པའི་ མོ་གི་ས་ཞིང་དང་ གཞུང་སའི་མཚམས་ལས་ ལྕགས་ཀྱི་ར་བ་ཨེ་ཀར་༢ བསྒོར་ཏེ་ ཁྱིམ་སྦུག་ལུ་ ཚུད་ནི་དེ་གིས་ སྟབས་མ་བདེ་ཁག་ཁ་ བཟོ་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་ལུ་ རང་དབང་གི་ ས་ཞིང་ཡོད་རུང་ བཟའ་སྤྱོད་འབད་ནིའི་ བདག་དབང་མེདཔ་ བཟོ་ཡོདཔ་ལས་ རྩ་ལས་ར་ ཁེ་རྒུད་མ་བཏུབ་ཟེར་ཨིན་པས།
རྩ་བོ་༨ འབད་མི་ མི་སེར་ཚུ་གིས་ སླབ་མིའི་ནང་ རྒྱལ་ཁམས་ཀྱི་ ནགས་ཚལ་ནང་ལས་ ཐབ་ཤིང་བཏོག་ནི་དང་ ལུད་བཟོ་ནིའི་ ཤིང་གི་འདབ་མ་ཚུ་ བསྡུ་བསྒྱོམ་འབད་ནི་ དེ་ལས་ ནོར་སེམས་ཅན་རྩྭ་ཟ་ནིའི་དོན་ལུ་ ཕ་བརྒྱུད་བུ་བརྒྱུད་སྦེ་ ལག་ལེན་འཐབ་མི་དེ་ ཁེ་གྱོང་པ་ཚུ་དང་ གྲོས་བསྟུན་ག་ནི་ཡང་མེད་པར་ ར་བ་རྐྱབ་མི་ལུ་བརྟེན་ མི་སེར་ཚུ་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།
བསོད་ནམས་བཟང་མོ་དང་ འཇིགས་མེད་ཆོས་སྒྲོན་༢ ཀྱིས་ སླབ་མིའི་ནང་ ཆུ་རྐ་ར་བ་བསྒོར་བའི་ཤུལ་ལུ་ ས་ཚབ་སྤྲོད་འོང་ཟེར་ སླབ་ཡོདཔ་ལས་ ས་ཚབ་ཀྱི་དོན་ལུ་ བསྒུག་སྡོད་དེ་ ལོ་༢ ལང་ནི་འབད་རུང་ ད་ལྟོའི་བར་ན་ཡང་ ས་ཚབ་སྤྲོད་མིན་འདུག་ཟེར་ཨིན་པས།
ཁོང་ལུ་ ས་ཚབ་སྤྲོད་ནི་མེད་པ་ཅིན་ རྒེད་འོག་གིས་ ལྕགས་ཀྱི་ར་བ་དེ་ ལོག་བཤུབ་དགོཔ་འདུག་ཟེར་ ཁོང་གིས་ བཤདཔ་ཨིན་པས།
ཚོགས་པ་བགྲེསཔ་ བཀྲིས་རྡོ་རྗེ་གིས་ ཆུ་རྐའི་ར་བ་བསྒོར་བའི་སྐབས་ ཉེ་འདབས་ཀྱི་ མི་སེར་ཚུ་དང་ གྲོས་བསྟུན་མ་འབདཝ་ ངེས་བདེན་ཨིན་རུང་ འདི་བཟུམ་ལཱ་འབད་མི་དེ་ ཁོ་རའི་དོན་ལུ་མེན་པར་ སྤྱིར་བཏང་མི་སེར་གྱི་ མཐའ་དོན་ལུ་དམིགས་ཏེ་ཨིན་ཟེར་ བཤདཔ་ཨིན་པས།
གཡུས་ཚན་༣ གྱི་ ཁྱིམ་གུང་པ་༨༠ ལྷགཔ་ཅིག་གི་ འཐུང་ཆུ་རྐ་དེ་ ད་ལྟོ་ལས་ར་ སྲུང་སྐྱོབ་ཀྱི་ ཐབས་ལམ་མ་བཏོན་པ་ཅིན་ ཤུལ་ལས་ དཀའ་ངལ་འཐོན་འོང་ཟེར་མནོ་སྟེ་ ཨེ་ཀར་བརྒྱ་ལས་བཅད་དེ་ ལྕགས་ཀྱི་ ར་བ་བསྒོརཝ་ད་ སྒེར་དབང་ས་ཆ་ ལ་ལོ་ཅིག་ རཝ་ནང་ན་ ཚུད་སོང་ནུག་ཟེར་ ཚོགས་པ་བགྲེསཔ་གིས་ བཤདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ པདྨ་རིག་འཛིན་གྱིས་ སླབ་མིའི་ནང་ རྒེད་འོག་ཚོགས་འདུ་གིས་ གནང་བ་གྲོལ་བའི་ཤུལ་ ལྕགས་ཀྱི་ར་བ་དང་ རྒྱལ་ཡོངས་ལས་མིའི་ གླ་ཆ་སྤྲོད་དེ་ ཚོགས་པ་བགྲེསཔ་ལུ་ ལཱ་འགོ་འདྲེན་འཐབ་བཅུག་ཅི་ཟེར་ཨིན་པས།
མི་སེར་ཚུ་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ ལོག་སྟེ་ར་ རྒེད་འོག་བདག་སྐྱོང་དང་ མི་སེར་ཚུ་གི་བར་ན་ གྲོས་བསྟུན་འབད་ཞིནམ་ལས་ ཐབས་ཤེས་བཏོན་ནི་ཨིན་ཟེར་ ནགས་ཚལ་འགོ་དཔོན་གྱིས་ བཤདཔ་ཨིན་པས།
མོང་སྒར་གྱི་རྒཔོ་ བསྟན་འཛིན་དབང་ཕྱུག་གིས་ འབད་བ་ཅིན་ ཁེ་རྒུད་མ་བཏུབ་མི་ མི་སེར་ཚུ་གིས་ དམངས་མི་དང་ གྲོས་བསྟུན་འབད་ཡོད་རུང་ ཡིག་ཐོག་ལུ་ ཉོགས་བཤད་བཀལ་བཀལཝ་ མིན་འདུག་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ འཕྲལ་མགྱོགས་ར་ མི་སེར་ཚུ་དང་ ཞལ་འཛོམས་ཅིག་ འཚོགས་ཞིནམ་ལས་ བདེ་སྒྲིག་བཟོ་ནིའི་ ཐབས་ལམ་ཚུ་ བཏོན་འོང་ཟེར་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།